Vajrayana Buddhist center

Vajrayana Buddhist center All the friends of FB! I am grateful for your interest in the Dharma, the wisdom and compassion of the Buddha. As we all know now a day is the destruction

03/10/2021

མ་ཅིག་ལབ་ཀྱི་སྒྲོན་མས་མ་འོངས་ལུང་བསྟན་པ།

གཙུག་ལག་ཁང་དང་སྡེ་གནས་རྣམས་ལ་འཐབ་ར་བསྐོར་ནས་དགོན་པར་དམག་ར་བཟུང་བ་འོང་། མ་ཉེས་པའི་སེམས་ཅན་བསད་ནས་ཤ་ཁྲག་གིས་དཀོན་མཆོག་མཆོད་པ་འོང་། རྫུན་མ་དང་ཁྲམ་པ་ནི་དགྲའི་ཡུལ་དུ་ཕྱིན་ཀྱང་ཟས་སྟེར་ཅིང་མགོ་ཐོན་ལ། བདེན་སྤྱོད་ཅན་དང་ཉམ་ཆུང་ནི་རང་ཁྱིམ་དུ་འདུག་ཀྱང་གཉེན་གྱིས་ཀྱང་ཆོམ་པོ་བྱེད་པ་འོང་། ཆོས་སྙིང་ནས་བསྒྲུབ་པའི་དམ་པ་དང་། བདེན་སྤྱོད་ཅན་དང་ཉམ་ཆུང་མགོ་དམའ་བའི་དུས་ཡིན།
ནོར་མཐོང་ན་གཅན་གཟན་གཏུམ་པོའི་ཚང་དུའང་མཆོངས། ཟས་མཐོང་ན་གཉེན་རྗེའི་ཕོ་བྲང་ནི་ཡིན་ཀྱང་འཇུག སྐོམ་མཐོང་ན་དུག་ཆུ་ཡང་འཐུང་། གོས་ལ་རེ་བ་ནག་པོ་གྱོན། མགོ་ལ་སྒྲ་འབོལ་ནག་པོ་ཁུར། རྐང་ལ་བདུད་ཀྱི་ཀོ་ལྷམ་ནག་པོ་དཀྲིས། ལུས་ལ་མཚོན་ཆ་སྣ་ཚོགས་ཐོགས། ལོངས་སྤྱོད་ཤ་དང་ཁྲག་ལ་བྱེད། ལས་སྤྱོད་མི་དགེའི་སྡིག་སྤྱོད་སྣ་ཚོགས་པ་ལ་བྱེད།
ཟས་དང་ནོར་ཡོད་ན་དགྲ་བོ་དང་དུག་གི་སྡོང་པོ་ཡིན་ཀྱང་འཛེག་འཕྲད་བྱེད། ཟས་ནོར་མེད་ན་ཕ་མ་སྨན་གྱི་སྡོང་པོ་ཡིན་ཀྱང་རིང་དུ་དོར་ཞིང་སྤང་བར་བྱེད། ཇི་ལྟར་མཛའ་ཞིང་མཐུན་པ་ཡང་ཟས་ནོར་མེད་ན་རྐྱང་དུ་དོར་བར་བྱེད། ཇི་ལྟར་སྡང་བའི་དགྲ་ཡང་འབྱོར་པ་ལྡན་ན་གསར་དུ་འགྲོགས་ལ་བརྩོན་པར་བྱེད།
རི་དྭགས་ལ་ཁྱི་འགྱེད། རི་ལ་མེ་འགྱེད། བྲག་བཤིག་ནས་ས་བདག་དང་འདྲེས་པར་བྱེད། བརྐུ་སྡིག་རྫུན་གསུམ་གྱིས་ཁྲེལ་ཁུར་བ་འགའ་ཞིག་གིས་དཀོན་མཆོག་གསུམ་དཔང་པོར་བཙུགས་ནས་མནའ་ཟ་བར་བྱེད་པ་འོང་།
དེའི་དུས་ཀྱི་མི་རྣམས་ནི་ཤེས་རབ་ཆུང་། བླ་རྣོ། དྲན་པ་རག རྩེད་མོ་མང་། བློ་གསལ་ཞིང་རིག་བྱེད་ཕལ་པ་སློབ་མི་དགོས་པར་རང་བཞིན་གྱིས་ཤེས་ཏེ་འོང་། ཚེ་ཐུང་། ལོངས་སྤྱོད་ཉུང་། ཉོན་མོངས་ཆེ། རྣམ་རྟོག་རགས། འཛིན་པ་དམ། ཁ་གསག་མཁས། རྣམ་འགྱུར་མང་། ལུས་རགས། ཁ་མིག་ཤིན་ཏུ་སྒྲེ། བོང་ཆུང་། ལས་སུ་སྡིག་པ་ཁོ་ན་སྤྱོད།
ཞག་གཅིག་འགྲོགས་ན་འདྲིས། ཟླ་གཅིག་འགྲོགས་ན་འདྲེས། ལོ་གཅིག་འགྲོགས་ན་ཕན་ཚུན་དགྲ་རུ་ལང་། འཕྲད་སྔ་བ་བཞིན་དུ་འདོར། གསར་དུ་འགྲོགས་པ་ལ་དགའ་ཞིང་མྱུར་དུ་འཁོན།

མི་ཤེས་དགུ་ཤེས། མི་དྲན་དགུ་དྲན། མི་བསམ་དགུ་བསམ། མི་བྱེད་དགུ་བྱེད། བཏང་སར་མི་འགྲོ། བཞག་སར་མི་སྡོད། ་མི་སྲིད་པའི་ལས་དང་སྤྱོད་པ་སྣ་ཚོགས་པ་བྱེད། མི་ཤེས་པའི་གཏམ་ངན་གྱིས་ཡུལ་ཐམས་ཅད་ཁྱབ་པར་བྱེད། ཅི་ཉེ་བ་བཞིན་དུ་ཕན་ཚུན་དམེ་འཁྲུག་དང་སྡེ་འཁྲུག་རྣམས་བྱེད་ཅིང་། མཚོན་གྱི་བསྐལ་པ་དར་བ་འོང་།
རྟ་ལ་བསྟོད་བཀུར་བྱེད་ཅིང་། དམག་འཁྲུག་དང་ཇག་རྒྱུ་དང་། མི་བདེ་ཞིང་མི་དགེ་བའི་ལས་ཐམས་ཅད་རྟ་རྨིག་གིས་ཞབས་ནས་བཏང་དགོས་པས། རྟ་ལ་རྩིས་སུ་བྱས་ན་ཐམས་ཅད་མི་བདེ་འུར་ཅིང་འོང་བ་ཡིན།
དེའི་དུས་སུ་རྒྱལ་པོ་བས་བློན་པོ་དབང་ཆེ། རྒན་པོ་བས་གཞོན་ནུ་དབང་ཆེ། ཕ་བས་བུ་དབང་ཆེ། སྐྱེས་པ་བས་བུད་མེད་དབང་ཆེ། ཡུལ་ཐམས་ཅད་བུད་མེད་ཀྱི་གཡོ་ཆེ་ཞིང་བུད་མེད་མགོ་མཐོ་ནས། བན་དེ་དང་བུད་མེད་གཉིས་ཀྱི་འཁྲུག་གཞི་བཟུང་ནས་ཐམས་ཅད་གྱོད་རྩ་དང་ཕུང་བའི་འདྲེ་ཆེན་པོ་བྱེད་པར་འབྱུང་ངོ་།
དེའི་དུས་སུ་རྒྱལ་ཁྲིམས་གསེར་གྱི་ཐག་པ་ཆད་ནས། རྒྱལ་ཁྲིམས་ཞིག་ཏུ་སོང་ཞིང་། འཇིག་རྟེན་ཀུན་ན་གྲོག་མའི་གྲོང་ཁྱེར་གྱིས་རྡོ་ལེབ་བཀྱག་པ་བཞིན་དུ་འུང་ཟིང་གྱི་སོང་བ་ཡིན་པ་རྣམས་ནི་རྒྱལ་ཁྲིམས་འཆུག་པ་ཡིན།
ལོག་ལྟའི་བདུད་ཀྱི་ཁ་འཕྱུར་བ་དང་། སངས་རྒྱས་ཀྱི་བསྟན་པའི་ཐ་མ་ལ་བབ་པ་དང་། སྙིགས་མ་བདོ་བ་དང་། དེ་རྣམས་ཀྱི་རྟགས་ནི་དེ་ལྟར་བཤད་པ་དེ་རྣམས་ཡིན། རྒྱས་པར་བཤད་པའི་ཚོད་མ་མཆིས། དེ་འདྲའི་ལས་སྤྱོད་མཐོང་ན་སྤྲང་མོ་ང་ཡི་གློ་སྙིང་འདར།

ཡིད་སེམས་འཁྲུག་པའི་མཆི་མ་འབྱུང་། །
སྣང་བ་གཡོ་ཞིང་ཡ་རེ་ང་། །
བ་སྤུ་གཟིང་ཞིང་ལུས་ཀྱང་སྦྲིད།།
དེ་བས་བཤད་པའི་ཡིད་སེམས་རྨོངས།།
ཅུང་ཟད་བཤད་པའི་ཚིག་རྒྱུད་རྣམས།།
མ་བརྗེད་ཡིད་ལ་འཇོག་པར་གྱིས།།
མ་བཤད་སྙིང་གི་དཀྱིལ་དུ་སྦོས་ཤིག་ཨང་།
ཞེས། བསོད་ནམས་རྒྱལ་གྱིས་ཞུས་པ་ལས། མ་འོངས་རྒྱལ་ཁྲིམས་འཆུག་པར་ལུང་བསྟན་པའི་ལེའུ་ལས་བཏུས་པའོ།།

མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ་པ།མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ་པ་ནི། དེ་ཡང་གཡོ་མེད་ཅིང་ཞེས་པའི་གཡོ་ལ་རྒྱུ...
03/10/2021

མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ་པ།
མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམ་པ་ནི། དེ་ཡང་གཡོ་མེད་ཅིང་ཞེས་པའི་གཡོ་ལ་རྒྱུའི་གཡོ་དང་ཀུན་སློང་གི་གཡོ་གཉིས། རྒྱུའི་གཡོ་ནི་མཆོད་པའི་རྒྱུ་དེ་བསྒྲུབ་པའི་སྐབས་སུ་སྐྱོན་ཞུགས་པ་སྟེ། རབ་བྱུང་རྣམས་ཀྱིས་ལོག་འཚོ་ལྔའི་སྒོ་ནས་བསྒྲུབས་པ་དང༌། ཁྱིམ་པས་ཀྱང་དམར་ཁེ་དང༌། བྲེ་ལོག་སྲང་ལོག་འཛུག་པ་ལྟ་བུ་ཤིན་ཏུ་བྱ་བ་ངན་པས་བསྒྲུབས་པའི་རྒྱུ་ལྟ་བུ་ལ་ཟེར། དེ་ལྟ་བུའི་མཆོད་པ་ཕུལ་བ་ལས་མ་ཕུལ་བ་ལེགས། མཆོད་པའི་སྐད་དོད་པཱུ་ཛ་ཞེས་པ་མཉེས་པ་ལ་འཇུག་པས་དགོས་པ་རྒྱལ་བ་སྲས་བཅས་དགྱེས་པ་ལ་བྱ་དགོས། དེ་ལྟ་བུ་ཕུལ་ན་དགྱེས་པར་ག་ལ་འགྱུར། འོན་ཀྱང་དེ་འདྲའི་རྒྱུ་བསྒྲུབས་ཟིན་པ་ཡོད་ན་རང་གཞན་གྱི་སྡིག་པ་འདག་པའི་ཕྱིར་དུ་ཕུལ་བ་ལེགས། དེ་ཡང་ལོག་འཚོ་ལྔ་ནི། ཁ་གསག །གཞོགས་སློང༌། རྙེད་པས་རྙེད་པ་ཚོལ་བ། ཐོབ་ཀྱིས་འཇལ་བ། ཚུལ་འཆོས་ལྔས་སྒྲུབ་པ་སྟེ། ཁ་གསག་ནི། སྦྱིན་བདག་སོགས་ཀྱིས་ཕྲན་བུ་སྦྱིན་དུ་རེ་བས་ཁ་ཐེར་ཐེར་བྱས་པས་དེས་ནོར་སོགས་བྱིན་ན་ལོག་འཚོ་ཡིན། ཡང་དེ་འདྲའི་ཀུན་སློང་མེད་པར་རང་བཞིན་དྲང་པོས་ཁ་མཁས་བྱས་ནས་བྱིན་ཀྱང་ལོག་འཚོར་མི་འགྱུར། གཞོགས་སློང་ནི། རྙེད་བཀུར་འདོད་ནས་སྦྱིན་བདག་སོགས་ལ་ང་ལ་དེང་སྐབས་ཇ་མར་ཡོད་དེ་འབྲུ་ཅུང་དཀོན་པར་འདུག་ཟེར་བ་ལྟ་བུ། སྔར་ལོ་ཁྱེད་ཀྱིས་བྱིན་པའི་རྩམ་པ་དེ་ཤིན་ཏུ་ཕན་པོ་བྱུང་ཞེས་པ་ལྟ་བུ་འབྲུ་དང་རྩམ་པ་ཤུགས་ཀྱིས་སློང་བ་ལ་ཟེར། ཡང་རྙེད་འདོད་ཀྱི་ཀུན་སློང་མེད་པར་རང་བཞིན་དྲང་པོར་དེ་འདྲ་བརྗོད་ན་གཞོགས་སློང་དུ་མི་འགྱུར། རྙེད་པས་རྙེད་པ་ཚོལ་བ་ནི། ཕར་ཆུང་ངུ་ཞིག་སྦྱིན་ནས་ཚུར་དེ་ལས་ལྷག་ཞིག་ཡོང་ཐབས་བྱེད་པ་ཡིན། སྦྱིན་བདག་ལྟ་བུར་ཁ་བཏགས་དང༌། ཇ་ལྟིར་སོགས་ཁྱེར་ནས་སྣེ་ལེན་བྱས་ཏེ་བློ་ཕུག་ཏུ་གཏོང་སྒོ་ལག་རྟགས་སོགས་ཆེན་པོ་ཡོང་རྒྱུའི་རེ་བ་བྱེད་པ་ལ་ཟེར། དེང་སང་རང་རེས་དེ་འདྲ་བྱས་ནས་ལྕགས་ཀྱུ་ཨམ་ཞིག་བཏང་བ་ཡིན་ཟེར་ནས་ལོག་འཚོ་ལ་ནན་ཏན་བྱེད་པ་ཡོད། ཡང་དེ་འདྲའི་ཀུན་སློང་མེད་པར་རང་བཞིན་དྲང་པོས་སྦྱིན་བདག་ལ་སྣེ་ལེན་བཟང་པོ་བྱས་ཀྱང་ལོག་འཚོར་མི་འགྱུར། ཐོབ་ཀྱིས་འཇལ་བ་ནི། མི་འདོད་བཞིན་དུ་ནན་གྱིས་སློང་བ་དང༌། གཞན་ལ་འབུལ་རྒྱུ་རང་ལ་བསྒྱུར་བ་དང༌། སྦྱིན་བདག་ཆེ་གེ་མོས་ངོས་ལ་ཇ་མར་བྱིན་པ་ཤིན་ཏུ་ཕན་པོ་བྱུང་ཞེས་ཤུགས་ཀྱིས་སློང་བ་ལྟ་བུ་ལ་ཟེར། ཡང་རྙེད་འདོད་ཀྱི་ཀུན་སློང་མེད་པར་རང་བཞིན་དྲང་པོས་དེ་འདྲ་བརྗོད་པ་ནི་ཐོབ་འཇལ་དུ་མི་འགྱུར། ཚུལ་འཆོས་ནི། ཤག་ཏུ་གང་བྱུང་བྱས་ནས་སྦྱིན་བདག་སོགས་ཀྱི་མདུན་དུ་བཅས་མཚམས་བཙུན་མདོག་དུལ་མདོག་བྱས་ནས་ཕྲན་བུ་སྦྱིན་ཨེ་ཡོང་གི་རེ་བ་བྱས་པ་ལ་ཟེར། ཡང་དེ་འདྲའི་ཀུན་སློང་མེད་པར་ཁྱིམ་པ་སུན་འབྱིན་བྱས་ན་མི་རུང་སྙམ་པས་ཤག་ཏུ་སྡོད་དུས་ལས་བཙུན་མདོག་ཁ་བ་བྱས་ཀྱང་ཚུལ་འཆོས་སུ་མི་འགྲོ་ཞེས་བདག་གི་སྐྱབས་མཆོག་བླ་མ་རིན་པོ་ཆེས་གསུངས། དེ་བཞིན་དུ་རང་རེ་རབ་བྱུང་རྣམས་ཀྱིས་སྡོམ་པ་གསུམ་གྱི་བཅས་མཚམས་ཁ་རལ་སྣ་རལ་དུ་བཏང་ནས་ཚོང་སོགས་ཀྱིས་རྒྱུ་བསྒྲུབ་ནས་མཆོད་པ་ཕུལ་ཀྱང་ཕན་ཡོན་ལས་ཉེས་དམིགས་ལྕི་བ་འབྱུང༌། ཀུན་སློང་གི་གཡོ་ནི། མཆོད་པ་འབུལ་དུས་གཏམ་འདོད་དང༌། མཛེས་ཆོས་ལྟ་བུའི་ཀུན་སློང་ངན་པས་བསླད་པ་ལ་ཟེར་ཏེ། འགྲོ་མགོན་རིན་པོ་ཆེས། ཐ་ན་དཀོན་མཆོག་མཆོད་པ་རེ། །བྱས་ཀྱང་མི་ཡིས་མཐོང་དུ་རེ། །ཞེས་གསུངས་པ་ལྟར། རང་རེས་མཆོད་པ་རེ་ཕུལ་ཡང་ཁེ་འདོད་གྲགས་འདོད་སོགས་ཆོས་བརྒྱད་ཁོ་ནར་ཤོར། ཅུང་ཟད་དྲག་པ་ཚོས་ཀྱང་ཚེ་རིང་བ། ནད་མེད་པ་སོགས་ཀྱི་ཀུན་སློང་ལས་མི་འབྱུང༌། དགེ་འདུན་ལ་བསྙེན་བཀུར་ལྟ་བུ་ཞིག་བྱེད་ནའང་བསོད་ནམས་ལ་མི་རེ་བར་བཏང་སོང་ཟེར་བའི་སྙན་གྲགས་ལ་གཙོ་བོར་རེ། དེ་རིང་འགྲུལ་པ་ལྟ་བུ་ཞིག་ཤག་ཏུ་འོང་རྒྱུ་ཡིན་ཚེ་གད་བདར་དང་མཆོད་པ་ནམ་རྒྱུན་ལས་ལྷག་ཙམ་བྱེད། མཆོད་མེ་ཞིག་ཀྱང་ཕུལ། སྤོས་ཀྱི་དྲི་མ་མངར་སེང་ངེ་བྱས་ནས་སྒུག་སྡོད་པ་འདི་ཀུན་སློང་གང་གི་ཆེད་ཡིན་ཞིབ་ཏུ་སོམས་དང༌། དེ་འདྲའི་མཆོད་པས་ཕན་ཡོན་དང་ཉེས་དམིགས་གང་ཆེ་ཆ་རྟོགས་དཀའ།

དགེ་བཤེས་འབན་གྱིས་ཉིན་གཅིག་ཡོན་བདག་ཞིག་མཇལ་དུ་ཡོང་ཟེར་བས། དཀོན་མཆོག་གི་མཆོད་པ་ཅི་བཟང་བཤམས། སྟན་ལ་བཞུགས་ནས་ཀུན་སློང་ལ་བརྟགས་པས། ཡོན་བདག་གི་ངོར་མཛེས་ཆོས་སུ་སོང་བར་གཟིགས་ནས། ཧར་ཏེ་བཞེངས། ཐལ་བ་སྦར་གང་གཏོར་ནས། དགེ་སློང་རང་ཟོག་མ་བྱེད་པར་བཞུགས་ཤིག་གསུངས་ནས་ཐལ་བ་ཕུང་ངེར་བཅོས་ནས་བཞག །དེ་ལ་སྟོད་དིང་རི་གླང་འཁོར་དུ་ཕ་དམ་པ་སངས་རྒྱས་ཀྱིས་གསན་པས། བོད་ཀྱི་མཆོད་པ་ཐམས་ཅད་ཀྱི་ནང་ནས་འབན་གུང་རྒྱལ་གྱི་མཆོད་པ་དེ་བཟང་བ་བྱུང༌། དེ་ཅི་ཡིན་ཞེ་ན། ཁོང་གིས་འཇིག་རྟེན་ཆོས་བརྒྱད་ཀྱི་ཁ་ལ་ཐལ་བ་འདེབས་ཐུབ་པ་བྱུང་གསུངས་ཤིན་ཏུ་མཉེས་མཉེས་མཛད་དེ། དེ་ཡང་མཆོད་པ་ཕུལ་བ་དེ་ལ་བསྔགས་བརྗོད་མཛད་པ་མིན། ཐལ་བ་བཏབ་པ་དེ་ལ་བསྔགས་བརྗོད་གནང་བ་རེད། དེས་ན་ཀུན་སློང་ཚེ་འདིའི་ཆོས་བརྒྱད་ལྟ་ཞོག །རང་ཉིད་གཅིག་པུ་མངོན་མཐོ་ངེས་ལེགས་སོགས་ཀྱི་ཆེད་དུའང་མི་བྱ་བར་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་གང་ཐུབ་བྱ་བ་གནད་ཆེ། བཀོད་པས་མཛེས་པར་བཤམས་ཞེས་པའང་འགའ་ཞིག་གི་མཛེས་ཆོས་མི་དགོས་ཞེས་དབྱིབས་དང་བསྒྲིག་ལུགས་སོགས་གང་བྱུང་བྱུང་དུ་བྱེད་པར་སྣང་ཡང་མཆོད་པ་ལ་དེ་ལྟར་མི་བྱ་བར་བཟོ་དབྱིབས་དང་བསྒྲིག་ལུགས་སོགས་གང་མཛེས་བྱ་དགོས། མཆོད་པ་བཀོད་པས་མཛེས་པར་བཤམས་ན་རང་ཉིད་སངས་རྒྱས་པའི་སྐབས་ཀྱི་མཚན་དཔེའི་རྒྱུར་འགྱུར་བར་གསུངས། འབུལ་སྐབས་ཀྱང་རང་གིས་ལག་བསྟར་ནས་འབུལ་དགོས་ཀྱི། དགེ་ཕྲུག་དང༌། གཡོག་པོ་སོགས་ལ་འབུལ་དུ་བཅུག་ན་བསོད་ནམས་རང་ལ་མི་ཐོབ། ཇོ་བོ་ཆེན་པོ་སྐུ་ན་ཤིན་ཏུ་མཐོ་བའི་སྐབས་ཀྱང་སྒྱིད་པ་འདར་ཕྲི་ལི་ལི་ཡོན་ཆབ་འབུལ་བར་མཛད་པས། གཞན་གྱིས་ཇོ་བོ་འོ་བརྒྱལ་བར་འདུག་པས་བདག་ཅག་གིས་འབུལ་ཞེས་ཞུས་པ་ན། ཇོ་བོ་ཆེན་པོས། འོ་ན་ངས་ཟས་ཟ་བའི་ཚེ་ནའང་ཇོ་བོ་འོ་བརྒྱལ་བར་འདུག་ཅེས་ངོས་ཀྱི་ཟས་སྐལ་ཁྱོད་ཚོས་ཟའམ་ཞེས་གསུངས་པ་རེད། རྒྱ་གར་ན་སྔོན་གྱི་ཆོས་རྒྱལ་ཆེན་པོ་རྣམས་ཀྱིས་སྦྱིན་པ་ཆེན་པོ་མཛད་པའི་ཚེ་ནའང་བློན་པོ་སོགས་ལ་སྦྱིན་དུ་མི་བཅུག་པར་སྦྱིན་པའི་ཁང་པ་བརྩེགས། དེའི་ནང་དུ་རྒྱལ་པོ་བཞུགས་ནས། སྦྱིན་བྱའི་ནོར་རྣམས་སྤུངས་ཏེ། རྒྱལ་པོ་རང་གིས་ཕྱག་བསྟར་ནས་གནང་བ་རེད། དེས་ན་སྦྱིན་པ་ལག་ལེན་གྱི་ཁྱད་པར་ཞེས་རང་གིས་ལག་བསྟར་ནས་འབུལ་བ་གནད་ཆེ། མཆོད་པའི་རྫས་ཀྱང་རང་ལ་འབྱོར་པ་ཡོད་ན་ཐུད་ཀྱི་སྔོ་ས་དང༌། ལོ་མའི་སེར་ས་ནས་མ་སོང་བར་ཟས་ཀྱི་ཕུད་གང་བཟང་བཟང་ནས་འབུལ་དགོས། རང་རེས་མར་དང་རྩམ་པ་ལེགས་པ་དེ་རང་གིས་ཟོས། མཆོད་རྩམ་དང་མཆོད་མར་ཡིན་ཞེས་ངན་པ་ཞིག་ཆེད་མངགས་བསྒྲུབས་པ་འདི་རང་གི་བསོད་ནམས་ལ་ཕྱགས་མ་བརྒྱབ་པ་ཨེ་ཡིན་སྙམ། འོན་ཀྱང་མར་མེའི་འོད་ཕུལ་བ་ཡིན་གྱི་མར་ཁུ་ཕུལ་བ་མིན་པས་ཅུང་ཟད་ཁ་ཚ་ཙམ་ཡོད་ཀྱང་ཆོག་པར་གསུངས། བྱ་བྲལ་དབུལ་པོ་རྣམས་ཀྱིས་བདག་ལ་ནོར་མེད་པས་མཆོད་པ་འབུལ་བྱེད་ཀྱི་ནོར་མེད་ཅེས་བག་འཁུམས་ནས་སྡོད་མི་དགོས་ཏེ། རང་གི་དད་པས་ལྕོགས་ན་མཆོད་པའི་རྫས་ལག་མ་འཐོག་པ་ཡོད། ཇོ་བོ་ཆེན་པོས། བོད་ཀྱི་ཆུ་འདི་ཐམས་ཅད་ཡན་ལག་བརྒྱད་ལྡན་ཡིན་པས་བོད་ན་མཆོད་པ་ཡོན་ཆབ་གཅིག་པུས་ཆོག་པར་འདུག །མེ་ཏོག་ཤང་ཤང་འདི་རྒྱ་གར་དུ་ཡོད་ན་ངེད་ཀྱིས་གསེར་སྤྲད་ནས་ཉོ་ཞེས་གསུངས་པ་ལྟར་མཆོད་པ་གཞན་མ་རྙེད་ཀྱང་ཡོན་ཆབ་གཅིག་པུ་ཕུལ་ཀྱང་བསོད་ནམས་རླབས་པོ་ཆེ་གསོག།

དེ་ཡང་ཡན་ལག་བརྒྱད་པོ་རེ་རེ་ལའང་ཕན་ཡོན་མི་འདྲ་བ་རེ་འབྱུང་བ་བདག་གི་བླ་མ་རིན་པོ་ཆེའི་གསུང་བཤད་ལྟར་ཞུ་ན། ཡན་ལག་བརྒྱད་ནི་མཆིམས་མཛོད་ལས། བསིལ་དང་ཞིམ་དང་ཡང་བ་དང༌། །འཇམ་དང་དྭངས་དང་དྲི་ང་མེད། །འཐུངས་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་གསུངས་པ་ལྟར། ཆུ་བསིལ་བ་ཕུལ་བས་ཚུལ་ཁྲིམས་དག་པ་དང༌། ཆུ་ཞིམ་པ་ཕུལ་བས་ཟས་ཀྱི་རོ་མཆོག་རྙེད་པ་དང༌། ཆུ་ཡང་བ་ཕུལ་བས་ལུས་སེམས་ལས་སུ་རུང་བ་དང༌། ཆུ་འཇམ་པ་ཕུལ་བས་ཤེས་རྒྱུད་འཇམ་པ་དང༌། ཆུ་དྭངས་པ་ཕུལ་བས་རིག་པ་དྭངས་པར་འགྱུར་བ་དང༌། ཆུ་དྲི་མི་ང་བ་ཕུལ་བས་སྒྲིབ་པ་སྦྱོང་བ་དང༌། ཆུ་ལྟོ་ལ་མི་གནོད་པ་ཕུལ་བས་ལུས་ལ་ནད་མི་འབྱུང་བ་དང༌། ཆུ་མགྲིན་པ་ལ་མི་གནོད་པ་ཕུལ་བས་ངག་སྙན་པ་བཅས་ཀྱི་ཕན་ཡོན་བརྒྱད་འབྱུང་བར་གསུངས། རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ་དེ་ཉིད་ཐོག་མར་སེ་ར་རྩེར་རྗེའི་སྒྲུབ་ཁང་དུ་ཕེབས་འཕྲལ་སྐབས་སྐུ་ཆས་དང་ཡོ་བྱད་བཀྲེན་པས། ཡོན་ཆབ་འབུལ་བའི་ཏིང་ཙམ་ཡང་མེད་པར། ཡོན་ཆབ་འབུལ་སྐབས་ཁོང་རང་གི་བཞེས་སྤྱད་ཆུས་ཡག་པོ་བཀྲུས་ནས་དེ་ལ་ཡོན་ཆབ་འབུལ་བ་གནང༌། གསོལ་ཆས་བཞེས་སྐབས་དཀོན་མཆོག་རིན་པོ་ཆེ་ལ་གཡར་པོ་ཞུས་ཏེ་ལོངས་སྤྱད། ཡང་བཀྲུས་ནས་ཡོན་ཆབ་འབུལ་བ་སོགས་གནང་བ་ཡིན་འདུག །གཞན་ཡང་དབྱར་གྱི་སྐབས་མེ་ཏོག་ལྗོན་ཤིང་ལེགས་པ་དང༌། འབྲས་བུ་དང༌། ཆུ་དྭངས་ཤིང་བསིལ་བ་སོགས་མཆོད་པའི་དངོས་པོ་གང་ན་འདུག་པ་བློས་བླངས་ཏེ་ཕུལ་ཆོག །དེ་ཡང་མཆོད་པའི་སྤྲིན་གཟུངས་བཏོན་ནས་བྱིན་གྱིས་བརླབས་ཤིང་ཕུལ་ནས་མཐར་དགེ་བ་བསྔོ་བ་སོགས་བྱ་བ་ཁྲི་དྭགས་པོ་ཚེ་འཕེལ་གྱི་རྣམ་ཐར་ཡིན་ཞེས་བདག་གི་བླ་མ་རིན་པོ་ཆེས་གསུངས། དེས་ན་རང་གི་དད་པས་ལག་འཐོག་པ་ཡིན་གྱི་མཆོད་པའི་རྫས་ཀྱིས་ལག་འཐོག་པ་མེད། དེ་ལྟར་བྱས་ན་འགའ་ཞིག་གིས་མཆོད་པ་ནི་ཆུ་དང༌། མེ་ཏོག་སོགས་ཕུལ་བས་ཆོག་གོ་སྙམ་ནས་དམར་དམར་ཏིག་ཏིག་རྣམས་གསོག་འཇོག་བྱེད་གང་ཐུབ་བྱས་པས་ཆོག་མོད་སྙམ་ན། དེ་ནི་ཕྱི་མ་ཡི་དྭགས་སོགས་སུ་སྐྱེ་བས་རང་ལ་ཡོད་ན་གང་བཟང་བཟང་ནས་འབུལ། ཡང་བྱ་བཏང་གྲྭ་རྐྱང་སོགས་ཀྱིས་བདག་ལ་ཟང་ཟིང་གི་མཆོད་པ་འབུལ་རྒྱུ་མེད་རུང༌། རབ་ཏུ་བྱུང་བ་ལ་སྒྲུབ་པའི་མཆོད་པ་གཙོ་བོར་གསུངས་པས་དེ་ཁོ་ན་ཕུལ་བས་ཆོག་མོད་སྙམ་དུ་ཟང་ཟིང་གི་མཆོད་པ་ཕྲ་མོ་ཡང་མ་ཕུལ་བར་བསྡད་ན་ཚེ་རབས་ནས་ཚེ་རབས་སུ་འབུལ་རྒྱུ་མེད་པ་དེ་ག་རང་ལས་མི་ཡོང་ཞིང༌། ཞལ་ཟས་མཛུབ་མོ་ཙམ་དང༌། སྤོས་རྐང་ཕྱེད་རེ་ཙམ་ལས་མ་བྱུང་ནའང་མནངས་ཆུང་མི་བྱེད་པར་ཕུལ་ན་བསོད་ནམས་ཇེ་འཕེལ་གྱིས་རྗེས་སུ་མཆོད་པ་ཤིན་ཏུ་སྟོབས་ཆེ་འབུལ་རྒྱུ་ཡོང་བ་དགེ་བཤེས་ཕུ་ཆུང་བའི་རྣམ་ཐར་ལྟར་རེད། དེ་ཡང་དགེ་བཤེས་ཕུ་ཆུང་བའི་ཞལ་ནས། ངས་དང་པོ་སྤང་སྤོས་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རེང་བུ་བཞི་སྦྱོར་མངར་སིང་ངེ་བ་དབུལ་རྒྱུ་བྱུང༌། ད་ལྟ་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་བསུང་ཆིང་ངེ་འབུལ་གསུངས། ཁོང་གིས་རེས་གཅིག་ལ་གསེར་སྲང་ཉི་ཤུ་རྩ་གཉིས་ཀྱིས་སྤོས་སྦྱར་ནས་ཕུལ་བ་རེད། ཡང་འགའ་ཞིག་གིས་ཁོ་བོ་རྟོགས་པ་དང་ལྡན་པས་སྒོམ་དོན་ལས། ཕྱིའི་བྱ་བ་དེ་ལྟ་བུ་ལ་བྱང་ཆུབ་མི་རེ་ཞེས་སྨྲ་བ་ནི་ཆོས་རྒྱུས་ཤིན་ཏུ་ཆུང་བ་སྟེ། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་འབུམ་ཕྲག་དུ་མ། ལག་པ་བརྒྱ་སྟོང་ལ་སོགས་པ་སྤྲུལ་ནས་རྒྱལ་བ་རྣམས་ལ་མཆོད་པ་བསྐལ་པར་མཛད་པའི་ཚུལ་ལ་བསམས་ནས་རང་ལུས་གཅིག་ལས་མེད་པ་འདིས་གང་ནུས་ཧུར་ཐག་བྱེད་དགོས། མཆོད་པ་འབུལ་ལུགས་ནི། ཡོན་ཆབ་ལྟ་བུར་མཚོན་ན་ཏིང་རྣམས་ལེགས་པར་ཕྱིས། བར་ཐག་རིང་ན་བླ་མ་དང་འབྲལ་བ་དང༌། གཅིག་གིས་གཅིག་ལ་ཐུག་ན་དབང་པོ་རྟུལ་བ་དང༌། སྒྲ་འབྱིན་ན་སྨྱོ་བ་སོགས་འབྱུང་བས་དེ་ལྟར་མིན་ཅིང་ཡོ་ཀྱོག་མེད་པར་བསྒྲིག་དགོས། དེ་ཡང་སྣོད་སྟོང་པ་ཡུན་དུ་བསྒྲིགས་ན་བསོད་ནམས་ཉམས་པས་ཏིང་རྣམས་བརྩེགས་པའི་སྟེང་མར་ཆུ་ཅུང་ཟད་བླུགས་ཏེ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ། ཆུ་དེ་འོག་མ་འོག་མར་བགོ་བཞིན་དུ་སྟོང་པ་མིན་པར་རིམ་བཞིན་བཀྲམ། དེ་ནས་འབུལ་བའི་ཚེ་ལག་པ་ཡ་གཅིག་གིས་འབུལ་བར་བྱེད་པ་སོགས་མ་གུས་པ་མི་བྱ་བར་རྒྱལ་པོ་ཆེན་པོ་ཞིག་ལ་གསོལ་ཇ་ཞུ་བ་ལྟར་བྱེད་དགོས། དེ་ཡང་ནས་འདྲ་མ་ཞེས་ཐོག་མཐའ་ཕྲ་ཞིང་དཀྱིལ་སྦོམ་པ་བྱས་ནས་འབུལ། ཕྱིར་ལུད་ན་ཚུལ་ཁྲིམས་འཆལ་ཞིང༌། མ་ཁེངས་ན་ལོངས་སྤྱོད་ཉམས་པས་ནས་འབྲུ་རེའི་ཚོད་ཙམ་སྟོང་པར་འཇོག །མར་མེ་ནི་སྣང་གསལ་ཡིན་པས་ཤིན་ཏུ་གསལ་ཞིང༌། ཚེ་རིང་བའི་རྟེན་འབྲེལ་དུ་རྒྱུན་གང་རིང་གནས་པ་ཞིག་བྱ་དགོས་གསུངས། མེ་ཏོག་སོགས་མཆོད་པ་གཞན་ཡང་འབུལ་ལུགས་དེས་རིགས་འགྲེ། མཆོད་པ་རེ་རེར་ཕན་ཡོན་བཅུ་བཅུ་ཡོད་པ་མདོ་སྡེ་ལས་གསུངས།

11/24/2020

སངས་རྒྱས་ཆོས་ལུགས་ཀྱི་རོལ་ཆ་སྐོར་ཞིག

གཅིག རྔ་ཡི་སྐོར།
རྔ་ནི་མདོ་སྔགས་གཉིས་ཀ་ནས་བསྟན་ཏེ། མད་རྒྱོ་ཆེར་རོལ་པར་རོལ་མོའི་རིགས་བྱེད་བཅོ་བརྒྱད་ཀྱི་ནང་ཚན་དུའང་བགྲང་ཞིང་། ཐུབ་པའི་དབང་པོས་གཞོན་ནུ་རོལ་རྩེད་ཀྱི་སྒྱུ་རྩལ་འགྲན་དུས། དཔག་ཚད་བཅུའི་ཁ་རོལ་དུ་ལྕགས་ཀྱི་རྔ་འབེན་ལ་བཙུག་སོགས་དང་། ཆོས་བཟང་ལྷ་ཡི་འདུན་སར་ལྷ་རྣམས་བག་མེད་པ་ལས་བསྐུལ་བའི་རྔ་བོ་ཆེ་ལས་ཆོས་ཀྱི་སྒྲ་རང་བྱུང་དུ་གྲགས་ཞེས་དང་། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གི་རྨི་ལམ་ཐུན་གཅིག་གི་སྣང་བར་ཉི་མ་ལྟར་འབར་བའི་གསེར་གྱི་རྔ་ལས་གསེར་འོད་རྔ་སྒྲའི་མདོ་ཡི་ཚིགས་སུ་བཅད་པ་རང་གྲགས་པ་དང་། མདོ་སྡེ་པད་མ་དཀར་པོ་ལས་ཀྱང་། རྔ་བོ་ཆེ་དང་པདྨ་དང་། སོགས་དང་། ཡང་། དམ་ཆོས་བསྟན་པའི་དུས་སྟོན་ཕྱིར། རྔ་འམ་གཎྜི་བརྡུང་བའི་སྒྲ། ཞེས་པ་སོགས་མདོ་སྡེ་ཕལ་མོ་ལ་རྔའི་ཁུངས་མ་སྨོས་པ་མེད་པས་མདོ་ཕྱོགས་སུའང་གྲགས་ཆེ་བའོ།།
སྔགས་ལ་ནི་རྔའི་རྒྱུ་མཚན་སོགས་རྒྱུད་རྒྱ་གཞུང་ཀུན་ནས་བསྟན་ཏེ། རྟ་མཆོག་རོལ་པའི་རྒྱུད་ལས།། རྔ་ནི་ཐབས་ཀྱི་རང་བཞིན་ལ།།ལྕགས་ནི་ཤེས་རབ་ཡུམ་གྱི་ངང་།། ཡབ་ཡུམ་འཁྲིལ་བའི་སྟངས་སྟབས་ཀྱིས།། རྔ་སྐད་གྲགས་སྟོང་མ་འགགས་པས།། རྒྱལ་བའི་དཀྱིལ་འཁོར་མ་ལུས་སྐོངས།། ཞེས་དང་། སྒྱུ་འཕྲུལ་བླ་མ་ལས། ཨེ་ཡི་ཚོགས་ཆེན་འབྱམས་ཀླས་སུ།།སྟི་ར་རྔ་སྒྲ་བསྒྲགས་པ་ཡི།། ཞེས་སོ།
འོན་ཀྱང་རང་ཅག་སྔ་འགྱུར་རྙིང་མ་བ་རྣམས་ལག་ལེན་གྱི་དོན་སྙིང་ཀུན་མཁྱེན་བེེ་རོས་ནག་པོ་ཆེན་པོའི་རྒྱ་གཞུང་རྩོད་མེད་དུ་གསུང་བའི་རྔ་ལ་རྣམ་གྲངས་གཉིས་ཏེ། འདུ་མ་བྱས་པ་རང་བྱུང་དབྱིངས་ཀྱི་རྔ་དང་། འདུས་བྱས་རྟགས་ཀྱི་རྔ་གཉིས་ལས། དང་པོ་ནི། གནམ་མཐའི་རི་རྩེ་ཟླུམ་པོར་བཀུག་པ་ལ།། སྤྲིན་དང་ན་བུན་གོ་བའི་རྒྱན་གྱིས་གཡོགས།།གཡུ་འབྲུག་རོལ་བའི་སྒྲ་སྐད་དྲག་པོ་ནི།། གྲགས་སྲོང་དབྱིངས་ནས་ཤར་བའི་རྔ་བོ་ཆེ།། ཞེས་དང་། གཉིས་པ་ནི། རྟ་མཆོག་རོལ་པ། སྒྱུ་འཕྲུལ། ཧེ་རུ་ཀ་རོལ་བ་སོགས་ལས། མི་ཡི་རྩིབས་མ་བཀུག་པ་མི་ཡི་པཌ་པས་གཡོགས་ནས་མི་ཡི་ལག་ངར་གྱིས་བརྡུང་བ་དང་། གླང་ཆེན་རྩིབས་མས་བརྡུང་བ་དང་། རུས་སྦལ་ཁོག་པ་སྦྲུལ་གྱི་ལྤགས་པས་གཡོགས་པའི་རྔ་ཡང་བཤད་དོ། གཞན་ཡང་། ཨ་ཀར་པ་ལཀྴ་ཡི་རྔ་ཤིང་། སིང་ལྕམ་དཀར་མོའི་པགས་པས་གཡོགས་པ། མཆོག་ཆེན་མི་ཡི་རྩིབས་མའི་ལྕག་གིས། རིག་འཛིན་རྒྱལ་བ་བསྐུལ་ཕྱིར་བརྡུང་བ་དང་། སྦ་སྙུག་ལྡེམ་པའི་རྔ་ཤིང་ཀྲིཤྞཱཔ་རིའི་པགས་ཀྱིས་གཡོགས་པ། གདུག་པ་དོམ་གྱི་ལག་པའི་ལྕག་གིས་ཡི་དམ་རྒྱ་མཚོ་བསྐངས་ཕྱིར་བརྡུང་བ། སེང་ལྡེང་ཤུག་པའི་རྔ་ཤིང་། རྒྱ་མོ་ར་ཡི་པགས་པས་གཡོག་པ། ཞེ་སྡང་དྲེད་མོང་ལག་པའི་ལྕག་གིས། མ་ཚོགས་ཌཱཀི་བསྐུལ་ཕྱིར་བརྡུང་བ། ཙན་དན་དམར་པོའི་རྔ་ཤིང་། ཞིང་ཆེན་པགས་པས་གཡོག་པ། སྦ་སྒོད་དྲག་པོའི་ལྕག་གིས། དམ་ཅན་བཀའ་སྡོད་བསྐུལ་ཕྱིར། དྲག་པོ་སེང་ལྡེང་རྔ་ཤིང་། འབྲོང་བུ་དར་མའི་པགས་པས་གཡོགས་པ། རྭ་རྒོད་འཁྱིལ་བའི་ལྕག་གིས། གདུག་པ་ཟིལ་གྱིས་གནོན་ཕྱིར་བརྡུང་བ། གདུག་རྩུབ་ཚེར་ནག་རྔ་ཤིང་། ར་རྒོད་པགས་པས་གཡོག་པ། མི་ཡི་རྩིབས་མའི་ལྕག་གིས། འདྲེ་སྲིན་མཐའ་རུ་བསྐྲོད་ཕྱིར་བརྡུང་བ་དང་སོགས་རྔའི་རྒྱུའི་དབྱེ་བ་ནི་མཐའ་ཡས་པར་གསུངས་མོད། འོན་ཀྱང་དེང་སང་ཕྱག་ལེན་དུ་འདེབས་པ་སེང་ལྡེང་གི་རྔ་ཤིང་ལ་བ་གཞོན་གྱི་ལྤགས་པས་གཡོགས་པ་ལ་ཚད་ནི་གྲྭ་རྔ་མཐོ་བརྒྱད་མ་ཞེས་འདོད་པ་ཡིན་ལ། གཙུག་ལག་ཁང་རྣམས་སུ་རྒྱུན་ཆགས་སུ་འཇོག་པའི་རྔ་བོ་ཆེ་སོགས་ལ་ནི་མཐོ་བཅོ་བརྒྱད་དང་ཉེར་བརྒྱད་ལ་སོགས་ཏེ་འོན་ཀྱང་རྒྱ་གཞུང་ཚད་མ་རྣམས་ལས་ནི་ཚད་འདི་ལྟར་ཞེས་པ་ཆེར་མ་མཐོང་ལ། འོན་ཀྱང་མཁས་པ་དག་གི་གསུང་རྒྱུན་དུ་ཡོད་པའི་ཚད་མ་ཡིན་ནོ། །
རྔའི་རྣམ་གྲངས་དེ་རྣམས་ལ་བརྡུང་ཐབས་ཀྱང་མི་འདྲ་བ་མང་དུ་གསུངས་ཀྱང་མདོར་བསྡུས་ན། རྟ་མཆོག་རོལ་པ་ལས། དུས་ཚོད་གྲིབ་སོ་རྒྱུག་པ་ན།།རྦོད་གཏོང་མ་མོ་རྦད་པའི་སྟབས།།སོགས་རྒྱུད་འདི་དག་ཏུ་རྔ་བརྡུང་བའི་དུས་དང་བརྡུང་སྟབས་སོགས་ལེའུ་རེ་ལོང་བར་གསུང་ཡོད་དོ།། སྒྱུ་འཕྲུལ་བླ་མ་ལས། སྟི་ར་རྔ་ཆེན་འདི་བརྡུང་བས།།གནོད་སྦྱིན་སྲིན་པོའི་ཚོགས་བསྒྲལ་ནས།།མུ་སྟེགས་ཀུན་གྱི་སྙིང་ཡང་འབྱིན།།སྟི་ར་རྔ་ཆེན་འདི་བརྡུང་བས།།སྟོང་གསུམ་ཁྲོ་བོའི་ཚོགས་ཀྱིས་གང་།།ཀུན་ཀྱང་རྔ་སྒྲ་འུ་རུ་རུ།།རྔ་སྒྲ་ཆེན་པོས་སྟོང་ཁམས་བཤིགས།།རྔ་སྒྲ་ཆེན་པོས་བདུད་དཔུང་བསྒྲལ།།རྔ་སྒྲ་ཆེན་པོས་དགྲ་བགེགས་འདུལ།།རྔ་སྒྲ་ཆེན་པོས་ངན་སོང་སྦྱོངས།།རྔ་སྒྲ་འབྲུག་གི་ང་རོ་ཡིས།།ན་རཀ་དམྱལ་ཁམས་སྟོང་བར་བྱེད།།རྔ་སྒྲ་དུག་ཆོམ་རི་རབ་བསྙིལ།།སྟི་ར་རྔ་ཆེན་འདི་བརྡུང་བས།།ཕྱིན་ཅི་ལོག་པའི་སྙིང་ཡང་འབྱིན།།རྔ་ཆེན་འབྲུག་གི་སྒྲ་སྒྲོགས་པས།།རྔ་ཐབས་གློག་སྟོང་འགྱུ་བ་བཞིན།།དེ་བཞིན་གཤེགས་པའི་ཐུགས་དམ་བསྐངས།།མ་མོ་མཁའ་འགྲོ་དམ་ལ་འདུ།།རྣལ་འབྱོར་རྣམས་ཀྱི་ཉམས་ཆགས་སྐོངས།།སྟི་ར་རྔ་ཆེན་འདི་བརྡུང་བས།།ཉན་ཐོས་མདོ་སྡེ་གནས་ལས་སྤོར།།རང་རྒྱལ་ལྟ་བ་དབྱིངས་སུ་སྒྲོལ།།སྟི་ར་རྔ་ཆེན་འདི་བརྡུང་བས།།ལྷ་དང་ལྷ་མིན་ཐེག་པ་ཡང་།།བླ་མེད་ཐེག་པའི་དབྱིངས་སུ་སྒྲོལ།།སྟི་ར་རྔ་ཆེན་འདི་བརྡུང་བས།།སྟོང་ཁམས་དྲག་པོའི་རྔ་སྒྲས་གང་།།སྲིད་གསུམ་ཁྲག་གི་རྒྱ་མཚོས་གང་།།དུས་གཅིག་ཉིད་ལ་དབང་བཞི་རྫོགས།།རྔ་ཆེན་རིན་ཆེན་ཁང་པ་བརྩེགས།།བསམ་རྫོགས་ཆེ་ལ་དབང་ཡང་ཐོབ།།ཅེས་སོགས་ཏེ་རྔ་བརྡུང་བའི་དགོས་པའོ།།
རྔ་བོ་ཆེ་དང་། རྫ་རྔ། རྔ་ཕྲན། རྔ་ཆེན་པོ། རྔ་མུ་ཀུན། ཌ་མ་རུ། བརྡ་མ་སོགས་རྔ་ལ་རྣམ་པ་མི་འདྲ་བའི་རིགས་དེ་དག་ཕལ་ཆེར་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ལ་སྤྱོད་པ་མང་དུ་མཆིས། སྤྱིར་རྔ་དང་། སྦུབ། དུང་། རྒྱ་གླིང་། པི་ཝང་། གླིང་བུ་སོགས་རིགས་འདྲ་མིན་སྣ་ཚོགས་འཛམ་གླིང་ཡུལ་གྲུ་ཀུན་ལ་གནའ་སྔ་མོ་ནས་དར་ཁྱབ་བྱུང་ཡོད་ལ། བོད་ལྗོངས་སུ་ཡང་ལོགས་སུ་མ་མཆིས་པར་པུར་རྒྱལ་ཐོག་མའི་དུས་ནས་རྔ་ནི་བོན་ཆོས་ཀྱི་མཆོད་རྫས་དང་རྫུ་འཕྲུལ་གྱི་ཡོ་བྱད་སོགས་ལ་གཙིགས་ཆེ་བའི་དངོས་པོ་ཞིག་ཏུ་གྱུར་ཡོད། དེ་ཡང་"ཆོས་འབྱུང་མཁས་པའི་དགའ་སྟོན་"ལས་"དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གཤིས་གྱི་རྩིས་བྱེད། ཐམས་ཅད་རྔ་གཤང་གི་སྒྲ་འཁྲོལ། འཇིམ་པའི་ཤྭ་བ་ནམ་མཁར་འགྲོ་བ་དང་། རྔ་ལ་བཞོན་ནས་འགྲོ་བ་སོགས་ཟག་བཅས་ཀྱི་རྫུ་འཕྲུལ་མང་པོ་སྐད་"ཅེས་འཁོད་པས་སྤྱི་ལོའི་དུས་རབས་ཀྱི་གོང་ནས་བོད་དུའང་རྔ་ཡོད་པ་བོན་གྱི་ལོ་རྒྱུས་ནས་ར་འཕྲོད་དོ།།
གཉིས། སྦུག་ཆའི་སྐོར།

སྦུག་ཆལ་ནི་སིལ་སྙན་དང་འདྲ་བར་དཀྲོལ་བའི་རོལ་ཆ་ཞིག་སྟེ། མཁས་པ་ལ་ལས་ཕེག་རྡོབ་ལ་དཔེ་བལྟས་ཏེ་རིག་པས་བསྐྲུན་ཞེས་གསུངས། དེ་ཡང་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་རྒྱ་གར་འཕགས་པའི་ཡུལ་ནས་བོད་ལ་དར་བའི་རོལ་ཆ་ཞིག་ཡིན།།
གསུམ། སིལ་སྙན་གྱི་སྐོར།

སིལ་སྙན་ནི། ཁ་སྦྱོར་ལས། སིལ་སྙན་ཡང་དག་སྦྱོར་མཚན་ཉིད། བཤད་པར་བྱ་ཡི་ལྷ་མོ་ཉོན། ཞེས་དང་། ལྷ་ཡི་སིལ་སྙན་དམ་པ་འདི། ཞེས་དང་། རོལ་མོ་སིལ་སྙན་ཕན་གདུགས་དང་། སོགས་གསུངས་ཤིང་རྒྱུད་རྒྱ་གཞུང་གང་ནས་ཀྱང་བསྟན་ལ་ཁུངས་ཆེ་བ་ཡིན་ཀྱང་མཚན་ཉིད་སོགས་ཞིབ་པར་ནི་བཤད་པ་ཆེར་མ་མཐོང་ཡང་བྱུང་ཁུངས་ཐོག་མར་ལྷ་ཡུལ་དུ་དར་ལ། རང་ཅག་གི་སྟོན་པའི་བསྟན་པ་དང་མཉམ་དུ་མི་ཡི་ཡུལ་དུ་བྱུང་བའི་རྒྱུ་མཚན་ཁ་ཅིག་བཤད་པ་དང་། ཡང་སྔོན་འཁོར་ལོས་བསྒྱུར་རྒྱལ་གྱི་སྐབས་འགའ་ན་སྲས་དང་བཙུན་མོ་བཅས་པ་གླིང་བུ་སིལ་སྙན་འཇང་སོགས་ནས་བྱུང་བའི་སྤུས་དག་པའི་གྲས་ནི་རོལ་མོ་གཞན་དང་མི་འདྲ་ཞིང་འཇམ་ལ་བྱིན་རླབས་དང་ལྡན་པས་དཀྲོལ་ན་རྒྱལ་བ་སྲས་བཅས་དགྱེས་པ་སྐོང་ཞིང་རྒྱུ་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་པ་དང་། སེམས་ཅན་རྣམས་ཀྱི་ཉོན་མོངས་ཀྱི་ཟུག་རྔུ་ཞི་བར་ནུས་ཤིང་། དཀྲོལ་ཐབས་ལའང་པད་སྐོར་མ་དང་། མེ་ཏོག་སིལ་མ་སོགས་གྲྭ་ས་ཁུངས་མ་རྣམས་ཀྱི་ཕྱག་སྲོལ་ལྟར་བྱེད་པ་ལ་ནི་གནད་དམ་པའོ།།
སིལ་སྙན་ནི་སྦུག་དང་འདྲ་བར་དཀྲོལ་བའི་རོལ་ཆ་ཞིག་སྟེ། དེ་ཡང་གོང་དུ་སྦུག་ཆལ་གྱི་སྐབས་སུ་བསྟན་པ་ལྟར་འཇིག་རྟེན་མགོན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཟ་ཧོར་ནས་དར་བ་ཞིག་ཡིན་པ་དང་། ཕྱིས་དུས་རབས་རིམ་བྱུང་གི་སྐབས་སུའང་ཧོར་རྒྱ་བལ་བཅས་ནས་ཀྱང་དར་ཡོང་བས། སིལ་སྙན་ལ་ཡང་ཧོར་སིལ་དང་། རྒྱ་སིལ། བལ་སིལ། བོད་སིལ་བཅས་རིགས་བཞི་ཙམ་བྱུང་ལ། དེ་དག་སོ་སོའི་ནང་གསེས་དབྱེ་བ་དང་ཁྱད་ཆོས་སྐོར་ནི་"འཇིགས་མེད་གླིང་པའི་གཏམ་ཚོགས་"ལས་གསལ། །
བཞི། རྡོ་རྗེ་དང་དྲིལ་བུའི་སྐོར།
རྡོ་རྗེ་དང་དྲིལ་བུ་ནི་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཆོ་གའི་ཕྱག་ལེན་གཙོ་བོར་གནང་བའི་རྫས་ཤིག་ཡིན་ཞིང་། རྒྱུད་སྡེ་ལས་རྡོ་རྗེ་ནི་ཐབས་བྱང་ཆུབ་ཀྱི་སེམས་དང་དྲིལ་བུ་ནི་ཤེས་རབས་སྟོང་པ་ཉིད་མཚོན་བྱེད་ཡིན་ཞེས་དང་། དེའང་གཞི་བདེན་པ་གཉིས་སམ་ཐབས་ཤེས་གཉིས། འབྲས་བུ་སྐུ་གཉིས་ཐབས་ཤེས་དབྱེར་མེད་པའི་འབྲས་བུ་ཟུང་འཇུག་སྐུ་ཞེས་རྣམ་མཁྱེན་གྱི་གོ་འཕང་མངོན་དུ་བྱེད་པའི་ཐབས་བླ་ན་མེད་པ་ཞིག་ཡིན་པ་དང་། གཞན་ཡང་ཀློང་ཆེན་སྙིང་ཐིག་ལས(ཀུང་བཟང་བླ་མའི་ཞལ་ལུང་)རྡོ་རྗེ་ནི་སངས་རྒྱས་ཐུགས་ཡེ་ཤེས་ལྔ་ལ་སོགས་པ་མཚོན་ཞིང་། དྲིལ་བུས་ཀྱང་ཞལ་གྱི་རྣམ་པ་ཡོད་པ། རྒྱུད་སྡེ་འོག་མ་ལས་རྣམ་པར་སྣང་མཛད་དང་། གོང་མ་རྣམས་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་བཤད་པས་སྐུའི་རྣམ་པ་དང་། ཡུམ་བརྒྱད་ཀྱི་ས་བོན་ངོས་སུ་ཡིག་གེའི་རྣམ་པ་དང་ཤར་བ། སངས་རྒྱས་ཀྱི་གསུང་ཆོས་ཀྱི་སྒྲ་དབྱངས་མཚོན་པར་བྱས་པ་ཡིན་པས་སྐུ་གསུང་ཐུགས་རྟེན་གསུམ་ཀའི་མཚན་ཉིད་ཚང་བ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་ཚང་ཞིང་དམ་ཚིག་གི་རྫས་ཐུན་མོང་མིན་པ་ཡིན་ཞེས་གསལ། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་འགོར་གསང་སྔགས་ཀྱི་བསྟན་པ་བོད་དུ་དར་སྤེལ་བྱུང་བ་དང་སྦྲགས་རྡོ་རྗེ་དང་དྲིལ་བུ་ཡང་རིམ་བཞིན་དར་ཁྱབ་བྱུང་བ་ཞིག་ཡིན་པ་ནི་གོར་མ་ཆག །
ལྔ། ཌཱ་མ་རུའི་སྐོར།
ཌཱ་མ་རུའི་རྒྱུ་དང་མཚན་ཉིད་སོགས་བཤད་པ་ལ། ལར་ཌཱ་མ་རུ་འདི་བླ་མེད་ཀྱི་རྒྱུད་སྡེ་རྣམས་མ་གཏོགས་གང་ཡིན་དུ་དཀྲོལ་པ་སོགས་མ་བཤད་ལ་རྒྱུད་སྡེ་འོག་མ་རྣམས་ལས་ནི་མི་འབྱུང་ངོ་།། རྒྱུ་ནི་སམ་བྷུ་ཊ་སོགས་ལས་འདི་ལྟར་ཏེ། རྒྱ་མཚོ་ཤིང་དང་སེང་ལྡེང་དང་། བཛྲ་ཤྲྰཱ་ཤའི་རྩ་བ་དང་། ཙནྡན་དམར་པོ་ལ་སོགས་པའི།། གང་ཉིད་ཡིད་ལ་འདོད་པ་བྱ། སོགས་གསུངས། འདི་ན་ཤིང་ཁོ་ན་ལས་གཞན་མ་གསུང་ཞིང་། བདེ་མཆོག་ལས་ནི། གཞན་པ་ཡེ་ནས་རྔ་ཆུང་ནི། ཐོད་པ་ལ་ནི་བསྐོར་བ་ཉིད། སོགས་དང་ཡང་། སྒྱུ་འཕྲུལ་དྲ་བ་ལས། སྤྲེའུའི་ལྤགས་པས་གཡོས་ན་ནི། ངོས་གཉིས་ལ་ནི་པདྨ་བྲི།། བུད་མེད་ཁྲག་གིས་མཛེས་པར་བྱ།། སྙིང་སོ་ཁྲེམ་ཁྲེམ་དག་བྲིས་ཏེ། ཞེས་གསུངས་པས་རྒྱུད་སྔ་མའི་དགོངས་པ་ལ་ནི་ཚད་ཀྱང་། དེ་ཉིད་ལས་འདི་ལྟ་སྟེ།། དགུ་བ་དང་ནི་བཅུ་གཅིག་པ།། ཁ་ལ་དེ་ཡི་ཕྱེད་ཉིད་དོ།། ཞེས་པའི་རབ་ལ་མཆུ་སོར་བཅུ་གཉིས་པ་དང་། ཁ་ལ་སོར་དྲུག འབྲིང་ལ་མཆུ་སོར་བཅུ་པ་དང་། ཁ་ལ་སོར་ལྔ་པ། ཐ་མ་མཆུ་སོར་དགུ་དང་ཁ་ལ་དེ་ཡི་ཕྱེད་ཉིད་དོགནང་གི་ངོས་སུ་རྩི་དམར་འཇམ་སོགས་ལེགས་པར་བཏང་ནས་གསེར་དངུལ་སོགས་རིན་པོ་ཆེའི་དཀྱིལ་འཁོར་རམ་སྐུ་གཟུགས་ཕྱག་མཚན་སོགས་བྲི་བར་གསུངས་སོ།། རྒྱུད་ཕྱི་མ་གཉིས་ཀྱི་དགོངས་པ་ལྟར་ན། སྐྱེས་པ་ལོ་བཅུ་དྲུག་ལོན་པ་དང་།། བུད་མེད་ལོ་བཅུ་གཉིས་ལོན་པའི་ཐོད་པ་ལྟག་སྤྲོད་བྱས་པ་སྤྲེའུའི་ལྤགས་པ་གཡོགས་པའི་ནང་ངོས་གཉིས་ལ། བུ་མོ་གཙང་མའི་ཟླ་མཚན་གྱིས་པད་མ་བྲིས་པའི་ལྟེ་བར་ཧྲི་མཾཿསོགས་བྲིས་ལ། སྐེད་དཀྲིས་དུར་ཁྲོད་ཀྱི་སྐྲ་ལ་བྱས་པ་མཐིང་རིལ་གྱི་རྐང་རུས་ཀྱིས་བརྡུང་བར་གསུངས་བ་སྟེ། ཡང་ཅང་ཏེའུ་དྲྭ་བ་ཅན་ཞེས་པའང་རབ་ཞིང་རྒྱུས་ཀྱི་སྟེང་འོག་བུག་པ་དག་ལས་ཕན་ཚུན་བསྣོལ་མར་དྲངས་ནས་བརྒྱུས་པའི་རེ་མིག་ཆོས་འབྱུར་ལྟ་བུ་སྟེང་དུ་བཅུ་དྲུག་དང་འོག་ཏུ་བཅུ་དྲུག་འབྱུང་སྟེ། ཡས་འབབས་མས་བརྟེན་གྱི་དགའ་བ་བཅུ་དྲུག་མཚོན་པའི་དོན་དུ་བཤད་དོ།། དེ་ལྟ་བུའི་ཅང་ཏེའུ་མཚན་ཉིད་དང་ལྡན་པ་དག་ལ་ནི། དཀྲོལ་ཚུལ་སོགས་ཀྱང་ཞིབ་རྒྱས་གཞན་ལས་འབྱུང་མོད། འདིར་ཅི་ཙམ་དུ་ནི་ལག་གཡས་མཐེ་བོང་དང་མཛུབ་མོའི་ཌཱ་མ་རུའི་སྐེད་དཀྲིས་བསྣོལ་མཚམ་ནས་བཟུང་། ཐང་ལྷོད་མེད་པར་དཀྲོལ་བ་སྟེ། ཀོང་ལོ་གཞན་ཕན་རྡོ་རྗེ་སོགས་ཀྱི་ལ་བསྐྲད་པ་ལ་སོགས་པ་ལ་མཐེ་བོང་ཕྱིར་བསྟན་གྱིས་དཀྲོལ་ལ། བྱིན་རླབས་དབང་བསྐུར་སོགས་ལ་མཛུབ་མོ་ནང་བསྟན་གྱིས་དཀྲོལ་བར་གསུང་ལ། དོན་དུ་གཡས་སྐོར་གཡོན་སྐོར་གྱི་ཁྱད་ལ་ལྟ་བུ་ཡོད་དོ། ཅང་ཏེའུ་དེ་ཡི་དེ་ཉིད། དེའི་ཁོག་པ་དང་ལྤགས་པ་རྒྱུད་བརྡུང་བྱེད་སྐྱེས་བུའི་ལག་པའི་རྩོལ་བ་སོགས་གཅིག་ལ་གཅིག་རྟེན་ཅིང་འབྲེལ་བར་འབྱུང་བ་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་དང་།སྒྲ་གྲགས་སྡོང་སྐྱེ་འགག་མེད་པ་ཆོས་ཉིད་སྐྱེ་འགག་སོགས་མཚོན་དོན་ནོ།
དགོས་པ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པ་དང་། མཁའ་འགྲོ་ཞིང་སྐྱོངས་དབང་དུ་བསྡུ་བ་དང་དམ་ཅན་ཆོས་སྐྱོངས་རྣམས་ཀྱི་རྒྱུད་བསྐུལ་བ་སོགས་སོ། དེ་ལྟ་བུའི་ཌཱ་མ་རུ་བྱིན་བརླབས་པ་དང་ལག་ཏུ་ཐོགས་ལ། ཧྰུཾ་རྣལ་འབྱོར་མཆོག་གི་ཌཱ་མ་རུ།།ཡུལ་ཉིད་མ་སྐྱེས་ཆོས་ཀྱི་བྱིངས།།འཛིན་རྟོགས་བྲལ་བའི་ཡེ་ཤེས་ཀྱི།།ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་སྒྲོགས།།སོགས་ཀྱིས་དཀྲོལ་ཞིང་དེ་ཉིད་དྲན་པར་བྱ་བའོ།།
དྲུག གཤང་ངམ་འཁྲུ་ལོར་ཞེས་པའི་སྐོར།
གཤང་ངམ་འཁྲུ་ལོར་གྲགས་པ་འདི་སྤྱིར་རྒྱ་གར་སོགས་སུ་ཁུངས་ཅི་འདྲ་ཡོད་མ་ཤེས་ལ་བལ་པོའི་སྤྲང་པོ་རྣམས་ཐོགས་སྲོལ་ཡོད་པར་འདུག་ལ། བོད་དུ་ནི་མཁར་རྔ་དང་འདི་གཉིས་བོན་པོའི་ལག་ཆ་ཉིད་དུ་འདོད་ཀྱང་། གཞན་གྲྭ་ས་འགའ་རེའི་སེར་ཕྲེང་སྐབས་རོལ་མོ་སྣ་ཚོགས་ཀྱི་གྲལ་དུའང་ཡོད་འདུག་ལ་རྙིང་མའི་མ་དགོན་སོགས་ཀྱི་ཆོ་ག་རེ་གཉིས་ཙམ་ལ་ཡོད་པ་ཙམ་ལས་མ་མཐོང་ཡང་མཆོད་པ་སོགས་ཀྱི་སྐབས་སྒྲ་སྣ་ཚོགས་ཀྱི་གྲལ་ལ་དཀྲོལ་ན་ལེགས་པའི་ཡོན་ཏན་ཆེན་པོ་ཡོད་དོ། ལར་དེར་མ་ཟད་འཇིག་རྟེན་གྱི་ཁམས་ན་སྒྲ་སྙན་གྱི་རིགས་དབུལ་ཆོག་པ་ནི། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། ཡོན་ཏན་ཡིད་འོང་སྒྲ་སྙན་ཅི་མཆིས་སོགས་གསུང་བའི་ཕྱིར་རོ།།
བདུན། རྐང་གླིང་གི་སྐོར།
རྐང་གླིང་ནི་སྔོན་འཕགས་ཡུལ་གྱི་གྲུབ་ཐོབ་རྣམས་ཀྱིས་རང་ཉིད་བྱ་བྲལ་གྱི་སྤྱོད་པར་གཤེགས་ཏེ་གནས་ངེས་མེད་དུར་ཁྲོད་སོགས་སུ་གསང་སྔགས་ཀྱི་ཆོ་ག་མཛད་སྐབས་རང་ཉིད་མི་རྟག་པ་སྒོམ་པ་ལ་གྲོགས་བྱེད་པའི་ཆེད་དུར་ཁྲོད་ནས་མི་ཤི་བའི་རྐང་ཐུང་ལ་གླིང་པོ་མཛད་པ་ན་རྐང་གླིང་ཞེས་གྲགས། བོད་དུ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ཡས་མས་སུ་ཞི་བྱེད་གཅོད་ཀྱི་གྲུབ་མཐའ་དར་བ་ནས་བཟུང་རིམ་བཞིན་སྲོལ་དེ་བྱུང་བ་མིན་ནམ་སྙམ།།
བརྒྱད། གན་ཆག་གི་སྐོར།
གན་ཆག་ཅེས་པ་ནི་གཞུ་འཐེན་རོལ་མོའི་རྣམ་གྲངས་ཤིག་ཡིན་ཞིང་། དེ་བོད་དུ་ནམ་བྱུང་གི་སྐོར་ལ་བཞེད་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་བ་སྟེ།"དེང་རབས་བོད་ཀྱི་རོལ་མོའི་རྣམ་བཤད་"ཅེས་པའི་རྒྱ་ཡིག་དཔེ་དེབ་ཀྱི་ཤོག་གྲངས་ཉིས་བརྒྱ་ཐམ་པའི་ནང་"གན་ཆག་གི་བྱུང་བའི་སྐོར་ལ། ད་བར་ཁུངས་བཙུན་ཙམ་ཡིན་པའི་ལོ་རྒྱུས་ཡིག་ཆ་མ་ཪྙེད་ཀྱང་། དེའི་སྐོར་ལ་ཤོད་རྒྱུན་ཁག་གཉིས་ཙམ་བྱུང་བ་སྟེ། གཅིག་ནི་རོལ་ཆ་འདི་བཞིན་ཏཱ་ལའི་བླ་མ་ལྔ་པ་ཆེན་པོའི་སྐབས་ལ་དྭགས་ནས་བོད་དུ་དར་བར་བཤད་ཅིང་། དེའི་གཞི་འཛིན་ས་ནི་གན་ཆག་འདི་བཞིན་ཨ་རབ་མི་རིགས་ཀྱི་རོལ་མོའི་བྱེ་བྲག་ཅིག་ཡིན་སྟབས། ལ་དྭགས་དབྱི་སི་ལན་ཆོས་ལུགས་ཅན་དུ་བསྒྱུར་རྗེས་ཨ་རབ་རིག་གནས་དང་དུ་བླངས་པ་དང་སྦྲགས་གན་ཆག་ཀྱང་ཁྱིམ་མཚེས་དབྱི་སི་ལན་རྒྱལ་ཁབ་ནས་ལ་དྭགས་དང་དེ་ནས་རིམ་བཞིན་བོད་ལ་དར་འདོད་པ་དང་། ཅིག་ཤོས་ནི་བོད་རང་སྐྱོང་ལྗོངས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གིས་རོལ་མོའི་བྱ་བྲག་དེའི་སྐོར་ལ་བཞག་པའི་ཆོད་སྡོམ་སྙན་ཞུའི་ནང་རོལ་མོ་འདི་བཞིན་རྒྱ་བཟའ་ཝུན་ཤིང་ཀོང་ཇོས་བོད་དུ་བསྣམས་ཕེབས་"ཞེས་འཁོད་ཡོད། །
དགུ་བ། རྒྱ་གླིང་གི་སྐོར།
རྒྱ་གླིང་ནི་དང་ཐོག་ཕལ་ཆེར་མེས་རྒྱལ་ནང་ཁུལ་ནས་བོད་དུ་དར་བ་དང་། གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་སྐབས་རོལ་མོའི་བྱེ་བྲག་མི་ཉུང་བ་ཞིག་མཉམ་འབྱོར་བྱུང་བའི་ཁོངས་སུ་གཏོགས་པ་མིན་ནམ་ཞེས་ལོ་རྒྱུས་མཁས་དབང་སྐུ་ཞབས་དུང་དཀར་ཕྱོགས་ནས་གསུངས་ཤིང་། འོན་ཀྱང་རྒྱ་གླིང་བོད་དུ་དར་རྗེས་བོད་རང་ཉིད་ཀྱི་ཁྱད་ཆོས་དང་མཐུན་པའི་བཟོ་བཅོས་དང་ཡར་རྒྱས་ཆེན་པོ་བཏང་ཡོད།།
བཅུ་བ། ཏིང་ཤགས་ཀྱི་སྐོར།
ཏིང་ཤགས་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཟ་ཧོར་ནས་དར་བའི་བརྡུང་བའི་རོལ་ཆ་ཞིག་སྟེ། སྤྱིར་ཏིང་ཤགས་ཡིན་ན་སྦུག་ལྟར་ཆ་གཅིག་ཡོད་ཀྱང་བརྡུང་ལུགས་ནི་ཁ་ཕྱིར་གཏད་དེ་གཡས་གཡོན་ཟུར་བརྡུང་བྱེད་པ་ལས་སྦུག་སིལ་བཞིན་ཁ་སྦྱོར་བྱས་ཏེ་དཀྲོལ་དུ་མེད་པ་དང་། ཁྱད་པར་རྭ་ཏིང་ཞེས་ཏིང་ཤགས་ཡ་གཅིག་དང་དེ་རྡུང་བྱེད་ཀྱི་རྭ་ཅོ་ཆུང་ངུ་ཞིག་ལྷན་དུ་ཡོད་པ་དེ་ནི་བསུར་གཏོང་སྐབས་སྤྱོད་སྲོལ་མཆིས།།
བཅུ་གཅིག དུང་ཆེན་གྱི་སྐོར།
དུང་ཆེན་ནི་སངས་རྒྱས་ཆོས་ལུགས་ཀྱི་རོལ་ཆའི་གྲས་ཤིག་ཡིན་ཞིང་། དེའི་རྒྱུ་ལ་དངུལ་དང་། ཏུང་། རག་ཟངས་སོགས་སྣ་ཚོགས་ཡོད། བོད་ཀྱི་དགོན་སྡེ་ཆེ་གྲས་སོགས་མང་ཆེ་བར་དར་སྲོལ་ཆེན་པོ་ཡོད། དེ་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་བོད་རང་དུ་བཟོ་སྐྲུན་བྱས་པའི་རོལ་མོའི་གྲས་ཤིག་ཡིན་ཞིང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བསུ་བའི་བཀོད་པ་ཆེན་པོས་སྤྱན་འདྲེན། རག་དུང་ཡང་སྔར་མེད་པ་ལ་ཇོ་བོ་སྤྱན་འདྲེན་པའི་ཕྱིར་བཅོས་ཏེ་ལོ་པཎ་སྤྱན་འདྲེན་གྱི་དུང་དུ་གྲགས་ཞེས་གསལ་བ་དང་། ལྷ་བཙུན་བྱང་ཆུབ་འོད་ནི་སྐབས་དེ་དུས་སྟོད་མངའ་རིས་ཀྱི་རྒྱལ་པོ་ཞིག་ཡིན་པས་རག་དུང་དེ་ཡང་སྟོད་ཁུལ་དུ་གསར་བཟོ་མཛད་པ་མིན་ནམ་སྙམ། གཞན་ཡང་མཁས་པ་འགས་རག་དུང་དང་གླིང་བུ་སོགས་ལ་དྭགས་སུ་གསར་བཟོ་མཛད་དེ་པཎྜི་ཏ་སྤྱན་འདྲེན་ཞེས་གསུངས་འདུག་པས་དཔྱད་པར་ཞུ། དེ་བཞིན་བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་སྔོན་རོལ་ནས་བཟོས་པའི་རང་རང་སོ་སོའི་ཆོ་གའི་གདངས་དབྱངས་དང་མཐུན་པའི་དུང་ཚིག་དབྱངས་རིས་དཔེ་གཟུགས་འདྲ་མིན་འགའ་ཤས་དུས་ད་ལྟའང་མཐོང་རྒྱུ་ཡོད་པ་དང་ཉར་ཚགས་བྱས་ཡོད།།
བཅུ་གཉིས། རེ་མ་ཞེས་པའི་སྐོར།
རེ་མ་ཞེས་པ་ནི་འཐེན་དཀྲོལ་རོལ་མོའི་རྣམ་གྲངས་ཤིག་སྟེ། དེ་ནམ་བྱུང་གི་ལོ་རྒྱུས་ཞིབ་པར་མི་གསལ་ཡང་འབྲེལ་ཡོད་རོལ་མོར་ཉམས་ཞིབ་གནང་མཁན་ཚོས་ཉིང་ཁྲི་ས་ཁུལ་རྨེ་རུ་ཤང་གི་ཨ་ཕོ་བློ་བསྟན་ལ་བཅར་འདྲི་ཞུས་འབྲས་སུ་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ཡོད་སྐད་དོ།། དེ་ཡང་ནང་དུ་སྤུན་བཅུག་སྟེ་ཕར་འཐེན་ཚུར་འཐེན་བྱེད་པའི་ཐགས་སྤྱད་སྒྲོམ་བུའམ་དྭགས་ཀོང་ཡུལ་སྐད་དུ་རེ་མ་ཞེས་པའི་དབྱིབས་དང་འདྲ་བས་རེ་མ་ཞེས་སུ་བརྗོད། དེ་ནི་དྭགས་ཀོང་རྒྱ་རྒྱུད་ལས་བོད་ཀྱི་ས་ཆ་གཞན་ལ་དར་སོ་མེད་ཀྱང་། རྒན་རབས་རྣམས་ཀྱི་གསུང་རྒྱུན་ལྟར་ན། དེ་སྔ་དྭགས་ཀོང་རྒྱ་རྒྱུད་ནས་འཚོ་ཐབས་ཞན་པའི་དམངས་ཁྲོད་སྒྱུ་རྩལ་པ་འགའ་རེས་དབུས་ཕྱོགས་ལྷ་སའི་སྲང་ལམ་ག་གེ་མོ་ཞིག་ཏུ་རེ་མ་ལ་བརྟེན་ནས་དྭགས་ཀོང་ཁུལ་གྱི་དམངས་གཞས་འདྲ་མིན་གཏོང་སྲོལ་ཡོད་པར་མ་ཟད། སྐབས་འགར་"མཉམ་དུ་གཏོང་ངམ་ལོགས་དགར་གཏོང་ངམ་"ཞེས་པའམ། ཡང་ན་"ཕོ་སྐད་རྒྱག་གམ་མོ་སྐད་རྒྱག་གམ་"ཞེས་པ་ལ་སོགས་པའི་མི་སྐད་སྣ་ཚོགས་བསྒྱུར་སྲོལ་ཡོད་སྐད། རོལ་ཆ་དེ་གཏོང་མཁན་གྱི་རྒྱུ་རྩལ་པར་ཆ་བཞག་ན། སྐྱེས་པ་ཡོད་ལ་བུད་མེད་ཀྱང་ཡོད།།
བཅུ་གསུམ། གཡེར་ཁའི་སྐོར།
གཡེར་ཁ་ནི་དཀྲོལ་བའི་རོལ་མོ་ཞིག་སྟེ། དེ་ཡང་དྲིལ་བུར་དཔེ་བལྟས་ཏེ་རིག་པས་བསྐྲུན་པ་ཡིན་སྟབས། དེའི་མིང་གི་རྣམས་གྲངས་ལ་དྲིལ་ཆུང་དང་ཕྲ་སྒྲོག་ཅེས་ཀྱང་བརྗོད། འོ་ན་གཡེར་ཁ་ཞེས་པ་དེ་འདོད་རྒྱལ་ལམ་རྗེས་སྒྲུབ་གང་ཡིན་ཞེ་ན། དེ་ནི་རྗེས་སྒྲུབ་བཏགས་མིང་ཞིག་སྟེ་དྲིལ་བུ་ཆུང་ཆུང་གཡེར་མའི་ཁ་ལྟ་བུ་བྱས་པ་ལ་གཡེར་ཁ་ཞེས་བརྗོད་པའོ།། དེ་ནམ་བྱུང་གི་ལོ་རྒྱུས་ནི་ཞིབ་པར་མི་གསལ་ཡང་། རྟ་བོང་སོགས་ཀྱི་སྐེ་རྒྱན་ལས་རོལ་མོར་འཕེལ་རྒྱས་བྱུང་བ་ཞིག་སྟེ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སྟེ་བོད་ཀྱི་ས་ཆ་ཕལ་ཆེར་ལ་དར་ཁྱབ་ཡོད། དེ་ཡང་རྒྱུ་ལྕགས་དང་། རག་ལི་བཅས་ལས་གྲུབ་ཅིང་། རྫ་མ་རིལ་རིལ་དེའི་ནང་དུའང་རྒྱུ་ལྕགས་ལས་གྲུབ་པའི་སྒྲ་འབྱིན་བྱེད་རྡེལ་རིལ་ཞིག་ཀྱང་ཡོད།།
བཅུ་བཞི། དུང་དཀར་གྱི་སྐོར།
དུང་དཀར་ནི་སངས་རྒྱས་ཆོས་ལུགས་ཀྱི་དགེ་འདུན་སྤྱན་འདྲེན་པའི་ཡོ་བྱད་ཅིག་ཡིན་པས། ཆོས་དུང་ངམ་ཚོགས་དུང་ཞེས་ཀྱང་གྲགས། སྤྱིར་བོད་ཀྱི་དགོན་སྡེ་མང་ཆེ་བར་དར་སྲོལ་ཆེན་པོ་ཡོད། དེའང་རྗེ་གུང་ཐང་བསྟན་པའི་སྒྲོན་མེས་ལྟ་སྤྱོད་གཙང་མའི་རྒྱུད་པ་སྤེལ་བའི་ཕྱིར་ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ། ཆོས་གདུང་གནས་ཤིང་ལུང་བསྟན་བདེན་པའི་མཐུས། བློ་བཟང་རྒྱལ་བའི་བསྟན་པ་རྒྱལ་གྱུར་ཅིག་ཅེས་གསུངས་པ་ལྟར། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རི་བོ་གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བསྟན་པ་ཉིན་མོར་བྱེད་པའི་རྟེན་འབྲེལ་གྱི་གནས་ཁྱད་པར་ཅན་ཡིན་པས་དགོངས་ཏེ། ཆོས་དུང་དཀར་པོ་འགོག་པ་རི་ལ་གཏེར་དུ་སྦས་པ་དེ་ཉིད་ཕྱིས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྗེ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་པར་ཁྱོད་ཀྱི་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་། དགོན་པ་མ་ལས་བུ་དགའ་བ་དར་རྒྱས་ཆེན་པོ་འོང་གསུངས་ནས་ཆོས་དུང་དེ་བཞིན་འགོག་པ་རི་ནས་གཏེར་དུ་བཞེས་ཏེ་རྟེན་སྐལ་དུ་གནང་བ་དང་། དེང་སྐབས་དཔལ་ལྡན་འབྲས་སྤུངས་དགོན་པའི་བྱམས་པ་མཐོང་གྲོལ་ཆེན་པོའི་སྐུ་མདུན་དུ་མཇལ་རྒྱུ་ཡོད་པས་ཆོས་དུང་དཀར་པོ་དེ་ཡིན་ཞིང་། གཞན་ཡང་གོང་མ་སེ་ཆེན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དབང་བསྐུར་གྱི་ཡོན་དུ་ཆོས་དུང་རྒྱང་གྲགས་མ་ཞིག་ཀྱང་ཡུལ་ཡོད།།

༄༅། །ཨོ་རྒྱན་པདྨས་མཛད་པའི་ཐ་མ་སྣ་ཐའི་ཉེས་དམིགས་གཙོ་བོར་བྱས་པའི་རིས་མེད་བསྟན་འཛིན་འགའ་ཡིས་ལུང་ཚིག་ཕྱོགས་བསྡུས་དོན་གསལ་མེ་...
04/07/2020

༄༅། །ཨོ་རྒྱན་པདྨས་མཛད་པའི་ཐ་མ་སྣ་ཐའི་ཉེས་དམིགས་གཙོ་བོར་བྱས་པའི་རིས་མེད་བསྟན་འཛིན་འགའ་ཡིས་ལུང་ཚིག་ཕྱོགས་བསྡུས་དོན་གསལ་མེ་ལོང་བཞུགས་སོ།།

ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནི། ཆོས་སྐུ་མཁའ་ཀློང་ནམ་མཁའ་ལྟ་བུ་ལ། །ལོངས་སྐུ་འཇའ་འོད་གསལ་སྟོང་ལྷན་ནེའི་ངང་། །སྤྲུལ་སྐུ་མཁྱེན་བརྩེ་འགྲོ་ལ་རབ་དགོངས་པའི། སྐུ་གསུམ་བླ་མ་པདྨའི་ཞབས་ལ་འདུད། །ཕྱོགས་དུས་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་རྗེས། །རྫས་ངན་དུག་གིས་མྱོས་པའི་སྐྱེ་འགྲོ་རྣམས། །ཕན་གནོད་ཤེས་ཏེ་བློ་ཁ་ཆོས་ལ་འགྱུར། །ཟས་ངན་དུག་རྫས་ཆོད་པར་བྱིན་གྱིས་རློབས།
རྫས་ངན་ཐ་མ་ཁ་ཞེས་བྱ་བའི་འབྱུང་ཁུངས་ཟུར་ཙམ་བརྗོད་ན། སྔོན་སངས་རྒྱས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་སོང་བ་ན་བདུད་རིགས་ཀྱི་བུ་མོ་ཞིག་གི་མངལ་ཁྲག་ས་ལ་འཛག་ནས་སྔོ་ཞིག་སྐྱེས་པས་བདུད་རིགས་དེས་མ་འོངས་པ་ན་སྐྱེ་བོ་ཐམས་ཅད་ཀྱིས་ལོངས་སྤྱོད་ཅིང་། ཁྱད་པར་དེའི་དུ་བ་ནམ་མཁར་སོང་བས་ལྷ་ཡི་གྲོང་ཁྱེར་འབུམ་ཚོ་སྟོང་པར་གྱུར་ཅིག དུ་བ་ས་འོག་ཏུ་སོང་བས་ཀླུ་ཡི་གྲོང་ཚོ་འབུམ་ཕྲག་སྟོང་པར་གྱུར་ཅིག དེ་ལ་བརྟེན་ནས་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་སད་སེར་རྣམས་རྒྱུན་མི་ཆད་ཅིང་། དུ་བ་ཕོག་ཚད་ངན་སོང་གསུམ་དུ་ལྷུང་བར་ཤོག་ཅེས་སྨོན་ལམ་ལོག་པ་བཏབ་པ་ལས་ད་ལྟའི་སྐྱ་སེར་རྣམས་ཀྱི་ལོངས་སྤྱོད་པའི་རྫས་ངན་འདི་བྱུང་བ་ཡིན།

གཞན་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། དམ་སྲི་སྤུན་དགུ་དམ་ལ་བཞག་པའི་ཚེ། །དམ་སྲི་སྤུན་དགུ་མྱ་ངན་ངན་ཟིལ་གྱིས་ནོན། །སྤུན་དགུའི་ཐ་ཆུང་ཉིད་ཀྱི་འདི་སྐད་སྨྲས། །སྤུན་རྣམས་མྱ་ངན་མ་བྱེད་གཏམ་འདི་ཉོན། །ང་ནི་རྒྱ་ཡུལ་ཐ་མ་ཁ་རུ་སྤྲུལ། །དུག་གི་མིང་ནི་ཧ་ལ་ནག་པོ་ཟེར། །བོད་ཀྱི་མཐའ་འཁོབ་རྣམས་སུ་སྐྱེས་ནས་སྡོད། །མཐའ་མི་རྣམས་ཀྱི་དབུས་སུ་ཁྱེར་ནས་འོང་། །བོད་འབངས་སྡེ་གླིང་ལོངས་སྤྱོད་དེ་ལ་བྱེད། །དེ་ཡི་སྟོབས་ཀྱིས་དུག་ལྔ་རགས་ཤིང་རྒྱས། །དགེ་བཅུ་སྤངས་ནས་མི་དགེ་བཅུ་ལ་སྤྱོད། །བསྟན་འཛིན་སྐུ་ཚེ་མི་བརྟན་ཞིང་དུ་གཤེགས། །བསྟན་དགྲ་རྣམས་ནི་མཐའ་ནས་དར་བར་འགྱུར། །དེ་ལ་བརྟེན་ནས་དུག་ལ་ཉོ་ཚོང་བྱེད། །དུག་གི་དུད་པ་ས་ཡི་འོག་ཏུ་སོང་། །ཀླུ་ཡི་གྲོང་ཚོ་ཆེན་པོ་འབུམ་ཕྲག་འཇིག །ཆར་ཆུ་མི་འབེབས་ལོ་ཕྱུགས་མི་ལེགས་ཤིང་། ནད་འཁྲུགས་རིམས་ནད་མི་འདོད་སྣ་ཚོགས་འབྱུང་། དུག་གི་དུད་པ་ནམ་མཁའི་མཐོངས་སུ་སོང་། ལྷ་ཡི་གྲོང་ཁྱེར་ཆེན་པོ་འབུམ་ཚོ་འཇིག །གཟའ་འཛིན་དུས་ལོག་སྐར་མ་རྟགས་ཅན་ཤར། །ལུས་ལ་བཅངས་པས་བྱང་ཆུབ་སེམས་རྩ་སྐམས། །བཞི་རྒྱ་རྩ་བཞིའི་ནད་རྣམས་ལྡང་བར་བྱེད། །བཏུང་བས་ཤི་ཚད་ངན་སོང་གསུམ་དུ་སྐྱེ། དེ་ཕྱིར་ཉོན་མོངས་ཟས་འདི་སྤང་བར་བྱ། །ཞེས་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་ཡང་། །སྔོ་འདིའི་དྲི་ཙམ་ཕོག་པས་ཀྱང་། །ཐིག་ནག་དམྱལ་བར་ལན་གཅིག་འཁོར། །འགྲོ་བ་གཞན་ལ་སྨོས་ཅི་དགོས། །དྲི་ཙམ་ཁོང་དུ་སོང་བ་ཡི། །ལྷ་ལྔ་ལྷ་དགུ་ཐམས་ཅད་དང་། །དཀར་ཕྱོགས་དགའ་བའི་ལྷ་རྣམས་ནི། །ཞག་འགའི་བར་དུ་འཇའ་བཞིན་ཡལ། །དྲི་ཙམ་ཁྱིམ་དུ་སླེབས་པས་ཀྱང་། །སྐུ་གསུང་ཐུགས་རྟེན་རབ་གནས་ནི། །ཉི་མས་བ་མོ་ཞུ་དང་འདྲ། །སྔོ་དེ་སྤྱོད་པའི་སྐྱེ་བོ་རྣམས། །སྒོམ་ཆེན་རྣལ་འབྱོར་ཡིན་གྱུར་ཀྱང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་ཕྲེང་ཐག་དེ་ལ་ཆད། བྱང་བརྟན་ཕུག་པའི་ཉི་སྒུག་འདྲ། །མི་ཚེ་ཆོས་ལ་སྐྱེལ་ན་ཡང་། །འབྲས་མེད་ཕྱི་མ་དམྱལ་བར་སྐྱེ། །འཛམ་གླིང་སྤྱི་དང་ཁྱད་པར་དུ། པདྨས་སྦས་པའི་གནས་རྣམས་སུ། །བདུད་སྔོ་སུ་ཡིས་ལོངས་སྤྱོད་པ། རྡོ་རྗེའི་དམྱལ་བར་བསྐུལ་པ་ནི། །འབུམ་ཕྲག་མང་པོར་སྡུག་བསྔལ་མྱོང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་འོད་ཟེར་རབ་སྤྲོ་ཡང་། །དེ་ལ་འདྲེན་པའི་སྐལ་བ་མེད། །དེ་ལྟར་པདྨ་ང་ཡི་བཀའ། །མི་བསླུ་ངེས་སོ་ཐེ་ཚོམ་སྤོང་། །སྔོ་དེ་སྤྱོད་པའི་ཀན། །ཞེས་སོགས་གསུསྒོ་རྣམས།། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སི་དྷི་ཧཱུྃ། །འདྲེན་མི་ཆོག་ཅིང་ན་རག་ཀན། །ཞེས་སོགས་གསུངས་པ་དང་། །མ་གཅིག་ལབ་ཀྱི་སྒྲོལ་མས། །དུས་ཀྱི་མཐའ་མ་རྩོད་ལྡན་དུས། །དུག་ལྔ་ཚང་བའི་ཁ་ཟས་ཅིག །འབྱུང་ནི་ནག་པོ་རྒྱ་ནས་འབྱུང་། །དར་ནི་ཧོར་གྱི་ཡུལ་དུ་དར། །ཟས་ནི་བོད་ཁམས་འགྲོ་བའི་ཟས། །དེ་ཡི་དབང་གིས་འཛམ་གླིང་འདིར། །ཆར་ཆུ་མི་སྙོམས་སད་སེར་ལྡང་། །སྒོམ་སྒྲུབ་བྱེད་པས་འདི་ཟོས་ན། །བསྐལ་པ་བརྒྱར་ཡང་ལྷ་མི་འགྲུབ། །ཕྱི་མ་ངན་འགྲོར་གཏན་འཁྱམས་བྱེད། །མཆོག་གསུམ་ཐུགས་རྗེས་སྤབས་མི་ནུས། །ཞེས་དང་། ཇོ་བོ་རྗེས། དུ་རུ་ཁ་ནི་སུས་བརྟེན་ན། །ཉོན་རྨོངས་དུག་ལྔ་མེ་ལྟར་འབར། །ཚེ་འདིར་མི་ཁ་བྲ་མཆུ་ལྡང་། །ཤི་ནས་ངན་སོང་རྒྱུད་མར་འཁོར་། །མི་རུ་སྐྱེ་ཡང་སྨྱོན་པར་སྐྱེ། ཞེས་དང་། ས་སྐྱ་པཎ་ཆེན་གྱིས། མངལ་ཁྲག་དུག་གི་དྲི་ལ་སྙིང་ནས་ཆགས། །རང་གཞན་སྤེལ་ཐབས་བྱེད་པ་བདུད་ཀྱི་བུ། །ཡིན་ཞེས་ལན་བརྒྱར་ལུང་གིས་ངེས་པར་བསྟན། །འབྲེལ་ཚད་ན་རག་གནས་སུ་གོང་མ་ཆགས། ཞེས་དང་། རྗེ་བློ་བཟང་གྲགས་པས། སྨོན་ལོག་བདུད་ཀྱི་རྫས་ངན་དེ། །དངོས་སུ་སྤྱོད་ན་སྨོས་ཅི་དགོས། །སྨན་ལ་དུད་པའི་སྡེབ་སྦྱོར་ནས། །ཉིན་བདུན་འཐུང་ན་ནད་པ་དང་། །སྨན་པ་གཉིས་ཀ་དམྱལ་བ་ནས། །བསྐལ་པ་བདུན་དུ་ཐར་མི་འགྱུར། ཞེས་དང་། འདུལ་བ་གསེར་མདོག་ལས། ཡིད་འོང་ལུས་ལ་སྙིགས་མའི་དུས་ཀྱི་རྫས། །དུ་རུ་ཁ་ནི་བཅོ་བརྒྱུད་འབྱུང་བ་ལ། །གང་གི་རེག་ཚད་དམྱལ་བའི་གནས་སུ་འགྲོ། །ཕྱི་མ་ཡིད་འོང་གནས་སུ་སྐྱེ་མི་སྲིད། །ཅེས་དང་། དཔལ་སྤྲུལ་རིན་པོ་ཆེས། དུ་བ་སེན་གང་ཙམ་ཞིག་འཐེན་གྱུར་ན། །མ་ཎི་དུང་ཕྱུར་འདོན་ཡང་བཤགས་མི་ནུས། །ཉེས་དམིགས་ཐམས་ཅད་ཀུན་གྱི་རྩ་བ་ཡིན། །ཁ་ལག་འབྲེལ་ཚད་ངན་སོང་གནས་སུ་སྐྱེ། །ཅེས་དང༌། ཨོ་རྒྱན་འཇིགས་གླིང་པས། ལྷ་བླ་མ་རྣམས་ཀྱིས་འདི་སྤྱོད་ན། །འབྲེལ་པ་ཐོབ་ཚད་ངན་སོང་འགྲོ། །གོང་དཔོན་པོ་རྣམས་ཀྱིས་འདི་སྤྱོད་ན། འོག་མི་སྡེ་ཡོད་ཚད་ངན་སོང་འགྲོ། ཞེས་དང་། རིག་འཛིན་རྒོད་ལྡེམ་གྱིས། དུས་ངན་ཐ་མར་དྲི་ཟས་ཟ། །ཧ་དུག་ངན་པས་ཟས་སུ་བྱེད། དྲི་ཚོར་ཙམ་གྱིས་དམྱལ་བར་འགྲོ། །དེ་དུས་དེ་ཉིད་སྤོང་བ་གཅེས། །ཞེས་དང་། ཞབས་དཀར་བས། རྫས་ངན་དུ་བ་སུས་འཐེན་ན། །དབུ་མའི་ནང་ཀུན་མུན་ནག་འཁྲིགས། །རོ་རྐྱང་རྩ་སྦུག་གཏན་ནས་འགག །རྫོགས་པའི་སངས་རྒྱུས་བྱོན་གྱུར་ཀྱང་། །འཆི་དུས་འཕོ་བ་ཐེབས་མི་སྲིད། ཅེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱུན་གྱིས། མི་གཙང་དྲི་ཡི་མནོལ་བས་སད་སེར་ལྡང་། །མི་འདོད་འབྲས་བུ་སྣ་ཚོགས་འགྲོ་ལ་འབྱུང་། །རྣམ་སྨིན་རང་ཉིད་མ་ཟད་དྲི་ཕོག་པའི། འགྲོ་རྣམས་དམྱལ་བ་ཡི་དྭགས་དུད་འགྲོ་སོགས། །གནས་ངན་མི་ཁོམས་གནས་སུ་སྐྱེ་བས་ན། །རིགས་ལྡན་སུ་ཞིག་འདི་འདྲ་ལ་མི་འཛེམས། ཞེས་དང་། ཡང་ཨོ་རྒྱན་པདྨས་ཉེས་དམིགས་བཤད་པས་མི་ལང་སྐྱོ་བ་སྐྱེ། །དུག་ཅན་མཐའ་ཟས་དྲི་ངན་འཐུང་མི་རྣམས། འདི་ནས་ཚེ་འཕོས་བརྒྱ་ཕྲག་དམྱལ་བ་མྱོང་། །ངན་སོང་སྡུག་བསྔལ་སྣ་གཅིག་མི་བཟོད་པ། །གཏན་གྱི་བདེ་བ་གཏོར་བ འི་བསམ་ལོག་ཚོ། དམྱ ལ་བ་སྒེར་དུ་སྒྲུབ་པ འི་ཨ་ཙ་མ། །མི་བདེན་མི་སྲིད་རྒྱལ་བའི་བཀའ་ལུང་ཡིན། །སངས་རྒྱས་བསྟན་པ་གཏེར་གྱིས་སྐྱོང་དུས་བའི་བཀའ་ལུང་ཡིན། སངས་རྒྱུས་བསྟན་པ་གཏེར་གྱི ས་སྐྱོང་དུས་འདིར། །སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར། །ང་ལ་དད་མོས་རྗེས་སུ་འཇུག་འདོད་རྣམས། །ཐ་མ་ཁ་ཞེས་ཟས་ངན་དུག་ཅན་འདི། །འཐུང་མི་རྣམས་དང་ཁ་ལག་སྤྱོད་མི་བསྲེ། །གལ་ཏེ་འདྲེས་ཀྱང་རྩ་ཤལ་ཆུ་ཤལ་གྱིས། །བཟང་དྲུག་སྨན་དང་བཛྲ་གུ་རུ་ཡིས། །ལུས་ཀྱི་ཕྱི་ནང་ཀུན་ལ་ཡང་ཡང་བླུག །བསྐང་བཤགས་ཉམས་སྒྲིབ་སེལ་བའི་ཆོ་ག་བྱ། །འདི་འདྲའི་དྲི་ངན་ཕོག་ཚད་དྲི་ཟར་སྐྱེ། །ཤེས་ལྡན་སྐྱེ་བོ་ཡོད་ན་སྤང་བར་བྱ། །དཀོན་མཆོག་རྗེས་སུ་འཇུག་ན་སྤང་བར་བྱ། །བཀའ་བཞིན་བསྒྲུབ་འདོད་ཡོད་ན་སྤང་བར་བྱ། །དམ་ཚིག་སྡོམ་པ་སྲུང་ན་སྤང་བར་བྱ། །རྩེ་གཅིག་བསམ་གཏན་བསྒྲུབ་ན་སྤང་བར་བྱ། །དགེ་སློང་ཁྲིམས་ལྡན་ཡིན་ན་སྤང་བར་བྱ། །འདི་ཕྱི་གཉིས་ཡོད་བྱེད་ན་སྤང་བར་བྱ། །ངན་འགྲོའི་སྡུག་བསྔལ་བསམ་ན་སྤང་བར་བྱ། །གཏན་གྱི་བདེ་བ་འདོད་ན་སྤང་བར་བྱ། །ཚེ་རིང་ནད་མེད་འདོད་ན་སྤང་བར་བྱ། །བདེ་སྐྱིད་ཕུན་སུམ་འདོད་ན་སྤང་བར་བྱ། །བུ་ནོར་ལོངས་གློད་འདོད་ན་སྤང་བར་བྱ། །པདྨ་ང་ཡི་འགྲོ་བ་བསླུ་བ་ཀན། །ང་ཡི་རྗེས་འཇུག་ཡིན་ན་ག་ལ་འཐུངས། །སེམས་ཅན་ཀུན་གྱི་འཐུང་བར་མ་གྱུར་ཅིག །

ཞེས་པ་ལ་སོགས་པའི་ལུང་འདྲེན་མཐའ་ཡས་དང་། གཞན་ཡང་བསམ་ཡས་གཙུག་ལག་ཁང་ཉམས་གསོ་ཞུས་པ་ལས་ཐ་མ་སྣ་ཐ་སྤང་ན་ཕན་ཡོན་ཆེ་བར་གསུངས་པ་དང་། ཐ་མ་སྣ་ཐའི་ཉེས་པ་བཤགས་པས་མི་དག་ཀྱང་སྤང་པ་སྡིག་པ་དག་པ་དུས་མཉམ་གསུངས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ཡོད་པར་གསུངས་ན་ཤེས་ལྡན་སྐྱེ་བོ་རྣམས་དང་རང་དྲིན་རང་ལ་ཆེ་བར་འདོད་པ་རྣམས་ཀྱིས་ཐུགས་འཇགས་ཡང་ཡང་མཛད་པར་ཞུ་ཞུ། ཅེས་པ་ཨོ་རྒྱན་པདྨས་མཛད་པའི་ཐ་མ་ཁའི་ཉེས་དམིགས་དང་རིས་མེད་སྐྱེས་ཆེན་འགའ་ཡི་ལུང་ཚིག་ཅུང་ཟད་གོ་བདེ་བ་རྣམས་མཁོ་བསྡུ་བྱས་ཏེ་རང་དང་རང་འདྲའི་སྐྱེ་བོ་རྣམས་ལ་དྲན་སྐུལ་གྱི་ཆེད་དུ་འགྱུར་མེད་བྱུང་ཆུབ་རྡོ་རྗེས་ཚལ་གསེབ་བྱང་ཆུབ་གླིང་དུ་སྦྱར་པའོ། དགེ་འདིས་རིས་མེད་བསྟན་པ་དར་ཞིང་རྒྱས། །དེ་འཛིན་དམ་པའི་སྐུ་ཚེ་ཞབས་པད་བརྟན། །འཛམ་གླིང་ཞི་བདེ་ཆོས་ལྡན་བསམ་པ་གྲུབ། །འགྲོ་ཀུན་བླ་མེད་གོ་འཕང་ཐོབ་གྱུར་ཅིག །

Address

218 Elwell
Wyoming, MI
44221

Website

Alerts

Be the first to know and let us send you an email when Vajrayana Buddhist center posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Place Of Worship

Send a message to Vajrayana Buddhist center:

Share