15/04/2026
དེང་སང་བོད་མི་མང་པོ་ཡེ་ཤུའི་ཆོས་ལ་འཇུག་བཞིན་པའི་རྒྱུ་མཚན།
-- མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
དཔེར་ན་ཡེ་ཤུའི་ཆོས་ལུགས་ཀྱི་མི་དེ་འདྲ་ཞིག་ང་ཚོ་བོད་ཁུལ་གྱི་ས་ཆ་ལ་ཡོང་ནས་སྒོར་མོ་མང་པོ་སྦྱིན་དེ་ནས་སློབ་གྲྭའི་སློབ་ཡོན་སྦྱིན་སློབ་གྲྭ་དང་སྨན་ཁང་རྒྱག མི་ཚོ་ལ་སྐད་ཆ་བཟང་པོ་བཤད་དེ་འདྲ་གྱིས་ཤོག་དང་། ད་ང་ཚོས་ཅི་བྱེད་ཀྱིན་རེད་ཟེར་ན་ང་ཚོས་འདི་ནས་དགོན་པར་ཆོས་འཚོགས་ཀྱིན་ཡོད་འཚོགས་པ་འཚོགས་ཀྱིན་ཡོད་སྒོར་མོ་འཁྱེར་ཤོག་ལྷ་སྐུ་བསྟན་བཞེང་བྱེད་ཀྱིན་ཡོད་སྒོར་མོ་མང་པོ་འཁྱེར་ཤོག་ཟེར་ནས་ང་ཚོས་མང་ཚོགས་ཀྱི་ལག་ནས་ཡར་སྒོར་མོ་མང་པོ་དག་དག་ལེན། མར་མང་ཚོགས་ཚོ་ལ་ཁེ་ཕན་ཡོད་པའི་བྱ་བ་གཅིག་ཀྱང་མི་སྒྲུབ། དེ་ནས་དགོན་པའི་བླ་མ་ཚོས་ཀྱང་ཕར་འགྲོ་ཚུར་འགྲོ་བྱེད་སྐབས་སུ་རླངས་འཁོར་གྱི་ཐོག་ལ་དར་དཀར་མང་པོ་བཏགས་ནས་རྫིག་པོ་དག་དག་ལས་ནས་སྡོད་ཤོག་དང་། རྫིག་པོ་ལས་མཁན་དེ་ཚོ་མི་རྣམས་ཀྱི་མིག་ལ་མི་འགྲོ་ནི་ཇེ་ཆེ་ཆེ་ཡིན་ནི་རེད།
འོ་ཡ་དེ་འདྲ་གྱིས་དང་ཁང་པ་ཡིན་ན་འདྲ་རླངས་འཁོར་ཡིན་ན་འདྲ་རྫིག་པོ་དག་དག་ལས་ནས་མང་ཚོགས་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་གྱིས། མང་ཚོགས་ཀྱི་ནང་ལ་མི་འགྲོ་སློབ་གསོ་མི་གཏོང་མང་ཚོགས་ལ་ཁེ་ཕན་ཡོད་པའི་བྱ་བ་དང་ལས་ཀ་མ་བསྒྲུབས་དེ་འདྲ་གྱིས་དང་། དེ་ནས་ད་ལོ་ཉི་ཤུ་སུམ་ཅུའི་རྗེས་སུ་ང་ཚོ་ལ་ཅི་ཡང་ཡོད་ནི་མ་རེད་ཡེ་ཤུའི་ཆོས་ལུགས་ཀྱིས་མ་འོངས་པར་ས་འཛིན་གྱི་རེད། དེ་ཁྱེད་ཚོས་གོ་དགོས་རེད་བླ་མ་དང་དགོན་དཔོན་བྱེད་ནས་འདུག་མཁན་ཚོ་དང་དབང་ཆ་ལག་ལ་སྤྲད་ཡོད་མཁན་འདི་ཚོ་ལ་སྐབས་སྐབས་སུ་ང་སྤྲོ་ལངས་ཡོང་གིན་འདུག
ངས་ཆོས་ཁྲིད་བཤད་པའི་སྐབས་སུ་ཡང་དགོན་དཔོན་ཚོ་ཟེར་ནས་མང་པོ་ཞིག་བཤད་རྒྱུ་རེད་སོང་ཡི་གེའི་ཐོག་ལ་ཡང་བྲིས་ཡོད་ཡིན་ན་ཡང་ང་མི་སྒེར་གྱི་ངོས་ནས་བཤད་ན་དགོན་དཔོན་མི་གཅིག་ལ་ཡང་མི་དགའ་ས་དང་མ་འགྲིག་ས་གཅིག་ཀྱང་མེད། མི་སྒེར་གྱི་ངོས་ནས་བཤད་ན་ང་ཚོ་ཚང་མ་དགའ་ས་དང་མཐུན་ས་དག་དག་ཡིན། ཡིན་ན་ཡང་ཁོང་རྣམ་པས་བསྟན་པ་ལ་བསམ་བློ་མི་གཏོང་ནས་སོ་སོས་ཆེན་པོ་དག་དག་ལས་ནས་བསྡད་བཞག་ན་ང་ཚོའི་བསྟན་པ་མེད་འགྲོ་ཡི་རེད་རྗེས་མ། རིགས་གནས་གསར་བརྗེ་ཆེན་པོས་ང་ཚོའི་བསྟན་པ་མེད་པ་བྱེད་ཐུབ་ཀྱི་མ་རེད་ང་ཚོ་རང་གིས་རང་གི་བསྟན་པ་མེད་པ་བྱེད་ཀྱི་རེད། རིགས་གནས་གསར་བརྗེ་ཆེན་པོས་ས་དང་རྡོའི་ལས་པའི་གཙུག་ལག་ཁང་དེ་ཚོ་མེད་པ་བྱེད་ཀྱི་རེད་མ་གཏོགས་མིའི་སེམས་ཀྱི་ནང་ནས་བསྟན་པ་མེད་པ་བྱེད་ཐུབ་མི་འདུག་བ། ད་ལྟ་ང་ཚོའི་དགོན་པ་དང་དགོན་དཔོན་ཚོས་ལས་ཀ་འདི་ཚོས་མིའི་སེམས་ཀྱི་ནང་ནས་བསྟན་པ་དེ་མར་མེད་པ་བྱེད་ཀྱིན་ཡོད་རེད།
དཔེར་ན་རྒྱ་ཡུལ་ལ་འགྲོ་མཁན་གྱི་ང་ཚོའི་བླ་མ་དང་སྤྲུལ་སྐུ་དེ་ཚོ་མང་པོ་མར་འགྲོ་ནས་སྒོར་མོ་མང་པོ་ཁྱེར་གཙུག་ལག་ཁང་རྫིག་པོ་རྒྱག་ན། ཚང་མས་དེ་ཡག་པོ་རེད་འོ་ད་རྒྱ་བླ་བྱེད་དགོས་ས་རེད་དེ་འདྲ་ཟེར་གྱིན་འདུག རེད་དེ་མར་སུང་ནས་སྒོར་མོ་དེ་ཚོ་ཅི་འདྲ་བྱེད་ནས་ལེན་གྱིན་འདུག་སྒོར་མོ་འདི་ཚོ་གང་འདྲ་བྱས་ནས་ཡོང་གིན་འདུག་དེ་ལ་ཁྱེད་ཚོས་བསམ་བློ་ཐོངས་འོ་ཡ། ང་ཚོས་རྡོའི་ཁང་པ་གཅིག་གཉིས་རེ་ལས་ན་དེ་ཡང་གལ་ཆེན་པོ་རེད་དེ་སྒོར་མོ་འདི་རང་གར་ལག་ནང་དུ་ཡོང་གི་མ་རེད་ཀོ རྒྱའི་སྒོར་མོ་ཡིན་ན་ཡང་གནམ་ནང་ནས་མར་འབབ་ཀྱིན་ཡོད་ནི་མ་རེད་ས་ནང་ནས་ཡར་སྐྱེས་བཞིན་ཡོད་ནི་མ་རེད་ཁོ་ཚོས་ཀྱང་སྐྱིད་སྡུག་དཀའ་ལས་བརྒྱབ་ནས་སྒོར་མོ་འཚོ་སྒྲུབ་ཀྱིན་ཡོད་རེད། ཁོ་ཚོ་སྒོར་མོ་དག་དག་གིས་ཚེ་སྲོག་གི་རིན་ཐང་ལ་ལྟ་མཁན་གྱི་མི་རིགས་ཤིག་རེད།
དེ་འདྲའི་མི་རིགས་དེའི་ལག་པའི་ནང་ནས་སྒོར་མོ་ཞིག་ལེན་དགོས་ན་ལས་སླ་པོ་ཞིག་གིས་ལེན་ཐུབ་ཀྱིན་ཡོད་མ་རེད་དེ་ཅི་འདྲ་བྱེད་ནས་ལེན་གྱིན་འདུག་འོ་ཡ། དེ་འདྲའི་སྒོ་ནས་ཡར་ཡོང་ནས་ང་ཚོས་གཙུག་ལག་ཁང་གཅིག་གཉིས་རེ་ལས་ན་རེད་ད་ང་ཚོས་གཙུག་ལག་ཁང་ལས་འདུག་རེད་དེ། མར་སོང་ནས་མི་མང་པོའི་སེམས་ནང་ནས་སངས་རྒྱས་ཀྱི་བསྟན་པ་ལ་རྩ་བ་ནས་དད་ལོག་སྐྱེ་ཡ། ང་ཚོ་བོད་པ་ཡི་དགེ་འདུན་པ་དང་བླ་མ་སྤྲུལ་སྐུ་ཚོ་ལ་རྩ་བ་ནས་དད་ལོག་སྐྱེ་ཡ། ཁ་ཤས་ཀྱིས་དེ་འདྲ་ཟེར་གྱི་འདུག་འོ་ཡ་ད་དང་པོའི་གནས་སྐབས་སུ་དངོས་གནས་དྲང་གནས་བྱང་ཆུབ་སེམས་དཔའ་ཟེར་ན་ད་འདི་འདྲ་ཞིག་ཡིན་ས་རེད་བསམ་ནས་དེ་ནས་ཁོ་རང་ཕར་ཡིད་འཕྲོག་སོང་བས། སྒོར་མོ་ཡོད་ཚད་མེད་ཚད་སྦྱིན་ནས་དེ་འདྲ་བྱས་པ་ཡིན་ཟེར། ད་ག་ལེ་ག་ལེར་བྱེད་ཡོང་དུས་དེ་འདྲ་རེད་མི་འདུག་ད་ཡིན་ན་གྱོན་པ་དམར་པོ་གྱོན་མཁན་ཡོངས་སུ་རྫོགས་པ་ལ་ཁོ་སྤྲོ་ལངས་ཡོང་གིན་འདུག་ཟེར་འོ་ཡ། དེ་འདྲའི་སྐད་ཆ་བཤད་མཁན་འདུག་གོ
དེ་འདྲའི་སྐད་ཆ་བཤད་མཁན་དེ་མི་གཅིག་གཉིས་ཤིག་མ་རེད། དེ་འདྲ་ཡིན་དུས་ཁ་སང་དེ་རིང་ང་རང་ཚོ་རང་གིས་མི་རྣམས་ཀྱི་སེམས་ཀྱི་ནང་ནས་བསྟན་པ་མེད་པ་བྱེད་ཀྱིན་འདུག་བ་ང་ཚོས། རིག་གནས་གསར་བརྗེ་ཆེན་མོས་ཕྱི་སོའི་བླ་མ་རྣམས་ལ་འཐབ་རྩོད་བྱེད་རྒྱུ་མང་པོ་བྱེད་ཡོང་དུས་མི་མང་པོ་ཞིག་གིས། འདི་འདྲ་མཉམ་མ་རེད་བསམ་ནས་དེ་བས་ཀྱང་བླ་མ་དང་དགོན་པ་ལ་རྒྱབ་རྩ་བྱེད་རྒྱུ་དང་རིག་གནས་གསར་རྗེས་དེ་བས་ཀྱང་མི་རྣམས་ཀྱི་སེམས་ནང་ལ་བསྟན་པ་ལ་དད་པ་ཇེ་ཆེར་གཏོང་གི་རེད།
ང་ཚོས་ལས་ཀ་འདིས་བསྟན་པ་སེམས་ནང་ནས་མེད་པ་བྱེད་ཀྱིན་འདུག་བ། ང་ཚོས་ཕྱི་སོ་ནས་ས་དང་རྡོ་མང་པོ་ཡར་ལས་ནས་སེམས་ནང་ནས་མར་བསྟན་པ་མེད་པར་བྱེད་གཙུག་ལག་ཁང་ཡིན་ན་ཡང་འདྲ། དགོན་པ་ཚོས་ས་རྡོའི་ལས་ཀ་དེ་མང་པོ་ལས་དེ་ནས་ནང་ལ་བཤད་གྲྭ་མེད་སྒྲུབ་གྲྭ་མེད་དེ་ནས་དགེ་འདུན་པར་སློབ་གཉེར་མེད་པར་དེ་འདྲ་གྱིས་དང་། དེ་ནས་ང་ཚོའི་དགོན་དཔོན་མང་པོ་ཞིག་གིས་ཕྱི་སོ་ཡར་ལས་ནས་ནང་མར་མེད་པར་བྱེད་ཀྱིན་ཡོད་རེད་དེ་དངོས་གནས་དྲང་གནས་ཧ་གོ་དགོས། དངོས་གནས་དྲང་གནས་གཅིག་བྱས་ན་བསྟན་པ་གཤིག་ཟེར་རྒྱུ་དེ་དེ་འདྲ་ཞིག་ལ་ཟེར་གྱི་རེད་བསྟན་པ་གཤིག་ཟེར་རྒྱུ་དེ་དངོས་སུ་སྟ་རེ་ཁྱེར་ནས་གཤིག་དགོས་མ་རེད།
རང་གིས་དེ་ནས་སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་འདི་ཚོ་ཐམས་ཅད་ལ་སློབ་སྦྱོང་བྱེད་མི་བཅུག མཐོང་ཆེན་མི་བྱེད་དེ་ལ་ཀུན་སློང་མི་བྱེད་ནས་དེ་འདྲ་བྱས་ནས་དབང་ཆ་དེ་རང་གིས་བཟུང་ནས་སྡོད་དང་དེ་ལ་བསྟན་པ་གཤིག་ཟེར་གྱི་རེད་ངས་དེ་འདྲ་བསམ་གྱིན་ཡོད་འོ་ཡ། གཅིག་བྱས་ན་ངས་དེ་བསམ་ཉེས་ཡིན་རྒྱུ་རེད་བསམ་ཉེས་ཡིན་ན་རྣམས་པ་ཐམས་ཅད་ལ་མཐོལ་བཤག་ཡིན། གཅིག་བྱས་ན་ངས་དེ་བསམ་ཉེས་ཡིན་རྒྱུ་མ་རེད་གནས་ལུགས་ཤིག་ཡོད་རྒྱུ་རེད་ངས་དེ་རིང་གནས་ལུགས་བཤད་ཀྱིན་ཡོད་མ་གཏོགས་འདི་ན་ལ་ཡོང་ནས། བླ་མ་དགོན་དཔོན་དག་དག་འདི་ན་བཞུགས་ཡོད་རེད་དེ་ཚོ་ལ་དགོན་དཔོན་ཚོས་ཡག་པོ་རེད་ཀྱིན་མི་འདུག་ཟེར་དགོས་དོན་མི་འདུག་བ། ངས་ཚང་མ་ལ་སྐད་ཆ་ཡག་པོ་ཞིག་བཤད་ན་དེ་རེད།
་