20/08/2026
བཀྲ་ཤིས་པའི་གསོ་སྦྱོང་དང་བསྟན་པ་རྒྱས་ཆོག །
གདན་ས་འདི་ཉིད་ཀྱི་ཕྱག་སྲོལ་ལ་དབྱར་ཕྱེད་རྫོགས་པ་ན་བཀྲ་ཤིས་པའི་གསོ་སྦྱོང་དང་བསྟན་པ་རྒྱས་ཆོག་གསུང་སྲོལ་ཡོད་པ་ལྟར། དེང་སྐབས་གདན་ས་འདི་ཉིད་ཀྱི་དབྱར་གནས་ཐེངས་སོ་དགུ་པར། ༸སྐྱབས་མཆོག་རྣམ་གཉིས་དབུ་བཞུགས་ཀྱིས་ཐོས་བསམ་སྒོམ་གསུམ་འཆད་ཉན་སྤོང་ཀློག་གི་བྱ་བ་འཕེལ་ཞིང་བྱིན་ཆགས་ལ་བཀྲ་ཤིས་པའི་ངང་གནས་བཞིན་པར། དེ་རིང་གྲོ་བཞིན་ཟླ་བའི་ཚེས་བརྒྱད་ཀྱི་སྔ་དྲོར། བཀྲ་ཤིས་པའི་གསོ་སྦྱོང་སྔོན་དུ་འགྲོ་བའི་སྒོ་ནས། འགྲོ་ཀུན་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་བསྟོན་པ་དང་བསྟན་པ་གཉིས་སུ་མ་མཆིས་པ། ལྷ་མི་ཀུན་གྱི་བླ་ན་མ་མཆིས་པའི་མཆོད་གནས་དམ་པ་དམ་ཆོས་འདུལ་བ་རིན་པོ་ཆེ་སྲོག་ཏུ་བཟུང་བའི་དགེ་འདུན་གྱི་སྡེ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཆེད་དུ་དམིགས་ཏེ། དེ་ཡང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་ཀྱིས། སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། བྱེ་བྲག་ཏུ་སྡེ་སྣོད་འཆད་ཉན་རྒྱས་པར་བྱ་བ་དང་། དེའི་རྟེན་དགེ་འདུན་རྒྱས་པར་བྱ་བ་དང་། གཙུག་ལག་ཁང་བྱིན་གྱིས་རླབས་པར་བྱ་བ་དང་། ཐུན་མོང་གི་ཆོས་སྤྱོད་བཅུའི་འཁོར་ལོ་རྒྱས་པར་བྱ་བ་དང་། ཁྱད་པར་དུ་ཚུལ་ཁྲིམས་རིན་པོ་ཆེ་བརྟན་ཅིང་རྒྱས་པར་བྱ་བ་ལ་སོགས་པའི་འདོད་པ་ཐམས་ཅད་འགྲུབ་པའི་སླད་དུ་གསོལ་བ་འདེབས་སོ། །ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་ཀུན་གྱི་བསོད་ནམས་ཀྱི་དཔལ་དུ་དེ་བཞིན་གཤེགས་པས་བཀའ་བསྒོས་ཏེ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་ན་མངོན་སུམ་དུ་གཟིགས་ཤིང་བཀའ་ལུང་གི་རྗེས་སུ་བསྒྲུབས་པ་ལ་འཕགས་པའི་ཚིག་ངེས་པ་ཞལ་གྱིས་བཞེས་པ། འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་འདེབས་པའི་སྒོ་ནས་མཆོད་སྤྲིན་ཟབ་རྒྱས་དང་བཅས་བསྟན་པ་རྒྱས་ཆོག་འཚོག་གནང་ཡོད་པ་རེད།