10/01/2024
༧ མདོ་སྟོད་ཟླ་བ་དགོན་ཕྱག་བཏབས་མཁན་རླངས་ཀྱི་གདུང་རྒྱུད་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་དབོན་པོའམ་སྐུ་མཆེད་དུ་གྱུར་པ་ཤར་གླིང་གྲགས་པ་བསོད་ནམས་ཀྱིས་སྤྱི་ལོར་1220 ཡས་མས་ཙམ་ལ་ཕྱག་བཏབ་ནས་དར་རྒྱས་ཕུན་སུམ་ཚོགས་པ་བྱུང་ནས་ཕག་གྲུའི་གདན་རབས་རླངས་ཀྱི་གདུང་རྒྱུད་བཞི་པ་ལྔ་པ་བཅས་འདི་ནས་བྱུང་བར་གྲགས།
ཕག་གྲུའི་བོད་ཀྱི་རྒྱལ་པོའི་སྐབས་འབྲི་གུང་དང་ཕག་གྲུའི་ཆོས་བརྒྱུད་གཅིག་པའི་མདོ་སྟོད་ཕག་གྲུ་འབྲི་གུང་བཀའ་བརྒྱུད་ཀྱི་དགོན་ཁག་ཐམས་ཅད་ཟླ་དགོན་ཁུངས་སུ་གཏོགས་པ་རླངས་ཀྱི་པོ་ཏི་བསེ་རུ་སོགས་ལས་གསུངས།
དེ་སྐབས་ཧ་ཅང་དར་རྒྱས་ཆེ་བའི་དབྱར་རྔའི་སྒྲ་བཞིན་གྲགས་པ་ཞེས་ལོ་རྒྱུས་ཁག་ལ་གསལ་བ་དང་ཕྱིས་སུ་ལྔ་པའི་དབང་བསྒྱུར་སྐབས་ཟླ་དགོན་ཙམ་མ་ཟད་བཀའ་བརྒྱུད་ལེབ་ཕྱག་ཅེས་པ་དེ་བྱུང་ནས་ཟླ་དགོན་ཡང་ཉམས་ནས་དགོན་སྡེ་ཕལ་ཆེ་བ་ཉམས་པ་དང་ཕྱིས་སུ་༧ རྒྱལ་དབང་རིན་ཆེན་ཕུན་ཚོགས་དགུངས་ལོ་ཉི་ཤུ་རྩ་བརྒྱད་སྤྱི་ལོ་1536 ཡས་མས་ཙམ་ལ་ཟླ་དགོན་ལ་ཕེབས་ནས་དགོན་གནས་ཉམས་གསོ་དང་དགོན་གནས་ཕྱི་ནང་ཚང་མ་༧ རྒྱལ་དབང་རིན་ཆེན་ཕུན་ཚོགས་ལ་ཕུལ་བས་གྲ་ས་ཆེན་པོ་ཡངས་རི་སྒར་གྱིས་ཁུངས་སུ་གཏོགས་པ་གནང་འདུག །
དེ་ནས་སྤྱི་ལོ་1609 ཡས་མས་ཙམ་ལ་རྒྱལ་དབང་དཀོན་མཆོག་རཏྣ་དགུངས་ལོ་19 ཡས་མས་ཙམ་ལ་ཟླ་དགོན་ལ་ཕེབས་ཐེང་དང་པོའི་སྐབས་གནས་དེར་རྒྱ་སྟོན་ཆོས་རྗེས་དབུས་འབྲི་གུང་པའི་ཆོས་བརྒྱུད་འཛིན་པའི་འདུས་པ་ལྟོས་ཆེ་བར་ལ་ཐུགས་བསྐྱེད་ཆེན་མོ་དང་། བདེ་མཆོག་དབང་སོགས་འདོད་ཆོས་གནང་། རང་དགོན་བདེ་སྟེང་་དགོན་དང་བ་དན་དགོན་བརྒྱུད་འབྲོང་པའི་སྡེ་དཀྱིལ་དུ་ཕེབས་པས་སོ་སོར་འབུལ་ཞབས་རྒྱ་ཆེ་བ་བསྟར་བས་འདོད་ཆོས་མང་དུ་བརྩལ་ཏེ་འབྲི་གུང་པའི་གདུལ་བྱར་བཀོད། ཕེབས་ཐེངས་གཉིས་པ་དགུངས་ལོ་37་སྤྱི་ལོར་1626 ཡས་མས་ཙམ་ལ་ཟླ་དགོན་ལ་ཕེབས། ༧ ཀུན་མཁྱེན་ཆོས་གྲགས་ཁམས་ཕྱོགས་ཟླ་དགོན་ལ་གཙོ་བོར་བཞུགས་ནས་ལོ་ངོ་ལྔ་ཙམ་བཞུགས་ནས་་ཕེབས་ཐེང་གསུམ་ཙམ་གྲུབ་ནས་མཐའ་མ་དགུངས་ལོ་ཉེར་ལྔ་ལ་འབྲི་གུང་གདན་ས་མཐིལ་ཡར་ཕེབས་ནས་༧ འཇིག་རྟེན་གསུམ་མགོན་གྱི་གསེར་ཁྲི་ལ་མངའ་གསོལ་གྲུབ་པས་རྗེས་ཟླ་དགོན་ལ་ཕེབས་ནས་དགོན་གྱི་མཆོད་ཁང་དང་མགོན་ཁང་ཉམས་གསོ་གནང་ཞིང་ཚོགས་སུ་སྐྱོབ་པའི་རྣམ་མགུར་གྱི་མགུར་ཆོག་འཛུགས་པ་མཛད་པའི་དེའི་རྒྱུན་ལས་བཀའ་བརྒྱུད་མགུར་ཚོའི་ཆོ་གའི་འཕྲིན་ལས་བྱུང་།
དེ་ནས་སྤྱི་ལོར་1613 ཡས་མས་ལ་ཀུན་མཁྱེན་དབུར་སྨྱོན་རིག་འཛིན་ཆོས་ཀྱི་གྲགས་པ་མཆོག་དགུངས་ལོ་བཅོ་བརྒྱད་ཐོག་ཟླ་དགོན་ལ་ཕེབས་ཐེངས་དང་པོའི་སྐབས་ཆོས་དྲུག་གིས་ཉམས་འཁྲིད་གནང་བ་དང་བདེ་སྟེང་དགོན་དུ་ཕེབས་ནས་དེ་སྐབས་ཀོང་སྨན་འཚོ་བྱེད་དཀོན་མཆོག་རྒྱལ་མཚན་ལས་གསོ་བ་རིག་པའི་གཞུངས་ལུགས་སྤྱི་དང་བྱེ་བྲག་དཔལ་ལྡན་རྒྱུད་བཞི་དགོངས་འགྲེལ་མན་ངག་དང་བཅས་པ་ཟུར་ལུགས་ཀྱི་ཁྱད་ཆོས་སོགས་ལ་གསན་བསམ་ཙམ་མ་ཡིན་པར་ལག་ལེན་ཉམས་མྱོང་དང་འབྲེལ་བས་ཕྱག་བཞེས་གནང་སྦྱོང་དཔྱིས་ཕྱིན་པས་ཆེས་ཆེར་མཁས་པའི་ཁྱད་རྩལ་དགོངས་ཀློངས་སུ་བརྡོལ་བའི་གངས་ཅན་གསོ་བ་རིག་པ་འབྲི་ལུགས་ཞེས་པ་འདི་ནས་བྱུང་། སྔ་ཕྱིར་ཕེབས་ཐེང་གསུམ་ཙམ་རིང་འབྲི་གུང་པའི་ཐུགས་བསྐྱེད་ཆེན་མོའི་གཙོས་པའི་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་ནས་གནས་ཆེན་རྨ་རི་དང་ནོར་བུ་དགོན་རི་སོགས་གནས་སྒོ་ཕྱེ་བར་མཛད་དོ། དེ་ནས་མཁས་དང་གྲུབ་པས་ཁྱུ་མཆོག་སངས་རྒྱས་རྡོ་རྗེ་ཟླ་དགོན་གྱི་བླ་མ་ཕེབས་ལོ་སྤྱི་ལོ་1620 ཡས་མས་ཙམ་ཡིན་པར་སེམས་༧ རྒྱལ་དབང་དཀོན་མཆོག་རདྣའི་སྐབས་ཡངས་རི་སྒར་གྱི་ཐུགས་འགན་བཞེས་སྐབས་ཡིན་པར་མངོན། རྒྱ་སྟོན་ཆོས་རྗེས་སྐུ་འཕྲེང་གསུམ་པ་ཡིན་པར་བཤད། སྐུ་འཕྲེང་དང་པོ་རྒྱ་སྟོན་ཆོས་ཀྱི་བཟང་པོའི་གདན་ས་བདེ་སྟེང་དགོན་ཕྱག་བཏབས་ནས་དེ་ཡིས་སྐྱེ་སྲིད་རྒྱ་སྟོན་ནམ་མཁའ་རྒྱལ་མཚན་དང་དེ་ནས་སངས་རྒྱས་རྡོ་རྗེ་ནས་ད་ལྟའི་བཅུ་པ་འཕྲིན་ལས་བདུད་འདུལ་བར་སྐུ་འཕྲེང་རིམ་པར་བྱུང་། མཁས་གྲུབ་གཉིས་ལྡན་རྫོགས་ཆེན་ཐུབ་བསྟན་རྣམ་རྒྱལ་འམ་སྤྱི་ཉི་རིན་པོ་ཆེའི་ཞལ་གསུངས་ལགས་སོ། སྤྱིར་ན་ཀུན་མཁྱེན་ཆོས་གྲགས་ཟླ་དགོན་ཕེབས་སྐབས་དགོན་ལག་བཅུ་གསུམ་ཙམ་རང་གནས་ཡོད་པ་གསུངས་འདུག ། ༼༡༽ བདེ་སྟེང་དགོན་། ༼༢༽ མདོ་སྔགས་དགོན། ༼༣༽ རྣམ་རྒྱལ་དགོན། ༼༤༽ བ་དན་དགོན། ༼༥༽ ཡེ་སྤོམ་དགོན། ༼༦༽ ལྷ་རྩེ་དགོན། ༼༧༽ རྒྱ་མཚོ་གླིང་དགོན། ༼༨༽ཡ་ང་བྱ་མདའ་དགོན། ༼༩༽ ལྡོང་བ་དགོན། ༼༡༠༽ ཟུར་བཤམ་དགོན། ༼༡༡༽ ནེམ་ཚ་སྤང་ཆིག་དགོན། ༼༡༢༽ ཝ་ནག་དགོན། ༼༡༣༽ འབྲི་གུང་དཔོན་ཉག་ཆེའི་བསོད་ནམས་རིན་ཆེན་གྱིས་ཕྱག་བཏབས་པ་དཔལ་འབར་དགོན་བཅས་བཅུ་གསུམ་མོ།